རང་ཞིང་གིས་རྒྱལ་ཁབ་ལས་བྱེད་མི་སྣའི་ཁྲིམས་སྦྱོང་ཁྲིམས་བཀོལ་ལམ་ལུགས་ཅན་དང་ཚད་ལྡན་ཅན། རྒྱུན་ལྡན་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་། 
2023.01.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

གསར་འགོད་པས་ཉེ་སྔོན་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ཁྲིམས་སྦྱོང་ཁྲིམས་བཀོལ་གྱི་འབྲེལ་ཡོད་ལམ་ལུགས་མཛུབ་སྟོན་དུ་བྱས་ནས། རྒྱལ་ཁབ་ལས་བྱེད་མི་སྣ་དང་མགོ་ཁྲིད་ལས་བྱེད་པའི་གནད་འགག་གི་ཁ་གྲངས་ཀྱིས་དཔེ་སྟོན་སྣེ་ཁྲིད་ནུས་པ་ཐོན་པར་དམ་འཛིན་བྱས་ཤིང་། སློབ་སྦྱོང་དང་རྒྱས་འགྲེལ། རྒྱུགས་ལེན། བཀོལ་སྤྱོད་བཅས་གནས་བཞི་གཞི་གཅིག་ཅན་གྱི་ཁྲིམས་སྐྱོང་ནུས་པའི་གསོ་སྦྱོང་མ་ལག་བཙུགས་པ་དང་། རྒྱུན་མཐུད་དང་མ་ལག་ལྡན་པའི་སྒོ་ནས་བཅའ་ཁྲིམས་ཤེས་བྱའི་སློབ་སྦྱོང་བྱེད་པ་དང་། སྣ་མང་ཕུན་སུམ་ཚོགས་པའི་ཁྲིམས་སྐྱོང་ལག་ལེན་བྱ་འགུལ་སྤེལ་བ། བབ་བསྟུན་སྣ་མང་གི་ཁྲིམས་སྦྱོང་ཁྲིམས་བཀོལ་བྱེད་ཐབས་སྤྱད་དེ། རྒྱལ་ཁབ་ལས་བྱེད་མི་སྣའི་ཁྲིམས་སྦྱོང་ཁྲིམས་བཀོལ་ལམ་ལུགས་ཅན་དང་ཚད་ལྡན་ཅན། རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་། 

ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ལས་བྱེད་མི་སྣ་དག་ཁྲིམས་སྲུང་ཁྲིམས་སྦྱོང་ཁྲིམས་བཀོལ་བཅས་ཀྱི་དཔེ་སྟོན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་ཏང་ཨུའི་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་ཁྲིམས་སྲུང་ཁྱབ་གདལ་མཐུན་སྦྱོར་ཚན་ཆུང་དང་ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་སྔ་མོ་ནས་འཆར་འགོད་བྱས་པ་དང་། ཁྲིམས་སྦྱོང་ཁྲིམས་བཀོལ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ལོ་ཧྲིལ་བོའི་གཙོ་གནད་དཔར་འགྲེམས་དང་ཁྲིམས་སྦྱོང་འཆར་གཞི་སོགས་ཀྱི་ཐབས་ལ་བརྟེན་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་རྩ་ཁྲིམས་བཅའ་ཁྲིམས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་བཅས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་གཞུང་ལུགས་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ནང་དོན་དུ་བཞག་སྟེ། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་སྣེ་ཁྲིད་དེ་འཆད་པ་དང་ཐབས་ཇུས་ཆེན་མོ་མ་བཏོན་གོང་ཆེད་དོན་སློབ་སྦྱོང་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་ཐུན་མོང་གིས་ཁྲིམས་ལ་སློབ་སྦྱོང་བྱེད་དུ་བཅུག 

ལོ་ཧྲིལ་བོའི་ཁྲིམས་སྦྱོང་ཁྲིམས་བཀོལ་གྱི་གཙོ་གནད་བཀོད་སྒྲིག་དང་ཉིན་རྒྱུན་གྱི་ཁྲིམས་སྦྱོང་རྨང་གཞིའི་སྟེང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་ཁྲིམས་སྦྱོང་ཁྲིམས་བཀོལ། བཅའ་ཁྲིམས་ཁྱབ་གདལ་བཅས་ཀྱི་བྱ་བའི་དགོས་མཁོ་བསྐང་ཆེད། སྔ་གཞུག་ཏུ་བརླན་སའི་སྲུང་སྐྱོབ་བཅའ་ཁྲིམས་དང་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་སོགས་ཆེད་དོན་འགྲན་རྒྱུགས་བཅའ་ཁྲིམས་ཁྱབ་གདལ་རྒྱུགས་གཞི་སྤེལ། ལོ་ཧྲིལ་བོར་བསྡོམས་པས་རིགས་སྣ་ཚོགས་ཀྱི་ཆེད་དོན་བཅའ་ཁྲིམས་ཁྱབ་གདལ་གྱི་རྒྱུགས་གཞི་ཉི་ཤུ་བཀོད་སྒྲིག་བྱས་པ་དང་། རིམ་བསགས་ཀྱིས་མི་ཐེངས་ས་ཡ་གཅིག་དང་འབུམ་དྲུག་རྒྱུགས་ལ་ཞུགས་ཡོད། 

བཅའ་ཁྲིམས་ཁྱབ་གདལ་གྱི་སྣེ་ཁྲིད་འགན་ནུས་ནུས་པ་འདོན་སྤེལ་བྱས་ཏེ། སྨྱན་བྱད་གསར་བ་དང་ལག་རྩལ་གསར་བའི་ཁྲིམས་སྦྱོང་ཁྲིམས་བཀོལ་ཁྲོད་ཀྱི་བེད་སྤྱོད་ལ་ཤུགས་སྣོན་དང་། རིས་འགྲེལ་དང་འགུལ་རིས། ཐད་གཏོང་། བརྙན་ཐུང་། སྤྱི་ཕན་བརྡ་ཁྱབ། གླེང་གཞིའི་བཀོད་སྒྲིག དམངས་ཡོངས་ཀྱི་འགྲན་རྒྱུགས་སོགས་རྣམ་པར་བརྟེན་ནས་ཁྲིམས་སྦྱོང་ཁྲིམས་བཀོལ་གྱི་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། ཁྲིམས་སྦྱོང་ཁྲིམས་བཀོལ་གྱི་ཐབས་ལམ་བཀག་མེད་ཡོང་བར་བྱས་ཡོད། 


བསོད་ནམས་ཚེ་རིང་གིས་བསྒྱུར།