ཉིས་སྟོང་ཉེར་གཉིས་ལོའི་ནུབ་ཕྱོགས་གཏེར་ལས་ཀྱི་ཚོང་གཉེར་ཕན་འབྲས་དེ་ཀུང་ཟི་བཙུགས་པའི་ཚུན་གྱི་ཆེས་བཟང་བའི་ཆུ་ཚད་དུ་བསླེབ་ཡོད། 
2023.01.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

གསར་འགོད་པས་ནུབ་ཕྱོགས་གཏེར་ལས་སྡེ་ཚོགས་ཚད་ཡོད་ཀུང་ཟི་ནས་རྒྱུས་ལོན་བྱུང་བ་ལྟར་ན། འདས་པའི་ལོ་གཅིག་གི་རིང་རིམས་ནད་ཀྱི་ཤུགས་རྐྱེན་དང་རྒྱུ་རྐྱེན་ཚད་བཀག དཔལ་འབྱོར་ཉམས་རྒུད་སོགས་ཀྱི་གནོན་ཤུགས་མང་བོའི་འོག ནུབ་ཕྱོགས་གཏེར་ལས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་ཐོན་སྐྱེད་གཏན་འཇགས་དང་ཚོང་གཉེར་གཏན་འཇགས། ཕན་འབྲས་གཏན་འཇགས་བཅས་ཡོང་བར་བྱས་ཏེ། ཚོད་དཔག་བྱས་ན་ལོ་ཧྲིལ་བོར་ཕྱིར་འཚོང་ཡོང་འབབ་སྒོར་ཐེར་ཆེན་ལྔ་དང་ཐེར་འབུམ་ལྔ་མངོན་འགྱུར་བྱས་པ་དང་། ཚོང་གཉེར་ཁེ་སྤོགས་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་དྲུག་མངོན་འགྱུར་བྱས་ནས། ཀུང་ཟི་བཙུགས་པའི་ཚུན་གྱི་ཆེས་མཐོ་བའི་ཆུ་ཚད་དུ་བསླེབས་ཡོད། ལོ་ཧྲིལ་བོར་རིམ་བསགས་ཀྱིས་ཁྲལ་དངུལ་སྒོར་ཐེར་འབུམ་གསུམ་སྤྲད་པ་དང་། དུས་མཉམ་ལས་སྒོར་དུང་ཕྱུར་བདུན་འཕར་ཡོད། ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་ཁྲོད་ཀྱི་གདུང་འདེགས་ཀ་བ་ལྟ་བུའི་ནུས་པ་སྔར་ལས་མངོན་ཡོད། 

འདས་པའི་ལོ་གཅིག་གི་ནང་། ནུབ་ཕྱོགས་གཏེར་ལས་ཀྱིས་གནས་བཞི་འཛུགས་སྐྲུན་བྱས་ནས་ཐོན་ལས་རིམ་འཕར་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཤིང་། འཐུས་ཚང་དང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱས་ཏེ། མཁོ་འདོན་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ལ་གཏིང་ཟབ་ཏུ་སྐུལ་འདེད་བཏང་ནས། གཏེར་ཁ་དང་ཚྭ་མཚོ། སྐྱེ་ཁམས་བཅས་ཐོན་ཁུངས་ཆེན་པོ་གསུམ་གནད་སར་བཟུང་ནས་སྤུས་ཚད་དང་ཕན་ནུས། སྒུལ་ཤུགས་བཅས་བཅོས་བསྒྱུར་ཆེན་པོ་གསུམ་ལ་སྐུལ་འདེད་བཏང་སྟེ་ལྷད་མེད་ཐཱན་ཉུང་གི་རིམ་འཕར་གོམ་སྟབས་ཇེ་མགྱོགས་སུ་བཏང་། དེའི་ནང་ཚྭ་མཚོའི་ཐོན་ཁུངས་ཀྱི་ཕྱོགས་བསྡུས་བེད་སྤྱོད་ལ་ཐོལ་བརྒལ་བྱུང་སྟེ། ཞིང་ཆེན་ཡོངས་ཀྱི་འཇོན་ནུས་ལྡན་པའི་ཚན་རིག་པས་འགན་ཁུར་བའི་ལས་གཞི་སྟེ་ནུབ་ཕྱོགས་མཱེ་ཐོན་ལས་ཀྱི་ལོ་ཧྲིལ་བོའི་ཐོན་ཚད་ཏུན་ཁྲི་གཉིས་ཀྱི་མཱེ་གཏེར་ཁུལ་གྱི་ཁོར་ཡུག་སླར་གསོའི་རྒྱུ་ཆའི་ལས་གཞིའི་ཐོན་སྐྱེད་ཚོད་ལྟ་བྱེད་པ་དང་། རྒྱལ་ནང་གི་ཚྭ་མཚོའི་མཱེ་ཀའེ་སོགས་ཞོར་ཐོན་དངོས་རྫས་ཀྱི་གཞི་རྒྱ་ཆེ་བའི་བེད་སྤྱོད་དང་ས་རྒྱུ་ལྕགས་རིགས་ཀྱི་སྦགས་བཙོག་གནད་དོན་ཐག་གཅོད་བྱེད་པའི་ཐད་ཐག་གཅོད་ཇུས་གཞི་གསར་བ་འདོན་སྤྲོད་བྱས་ཡོད། 

འདས་པའི་ལོ་གཅིག་གི་ནང་། ནུབ་ཕྱོགས་གཏེར་ལས་ཀྱིས་དེང་རབས་ཅན་གྱི་ཁེ་ལས་ལམ་ལུགས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་། ཕྱོགས་ཡོངས་ནས་སྤྱི་གཉེར་བ་རིམ་པའི་ཆིངས་ཡིག་ཅན་གྱི་དོ་དམ་ལ་སྐུལ་འདེད་བཏང་སྟེ། དཔེ་ལེགས་ཅན་གྱིས་གཙོ་འཛིན་ཁུར་བའི་བྱ་འགུལ་སྤེལ་བ་དང་། ཕན་ནུས་ལྡན་པའི་སྒོ་ནས་ཁེ་ལས་ཀྱི་བཅོས་བསྒྱུར་གསར་གཏོད་གསོན་ཤུགས་སྐུལ་སྤེལ་བྱས་ནས། ཀུང་ཟིའི་ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་ནུས་ལྡན་དུ་འགྱུར་བར་སྐུལ་འདེད་བཏང་། ཁེ་ལས་ཀྱིས་ད་རུང་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་གསོན་ཤུགས་སྐུལ་སྤེལ་བྱེད་པར་ཟུང་འབྲེལ་བྱེད་པ། སྤུས་ཚད་མཐོ་བའི་སྒོ་ནས་ཁེ་ལས་བཅོས་བསྒྱུར་གྱི་ལོ་གསུམ་གྱི་འགུལ་སྐྱོད་ལས་འགན་ཡོངས་འགྲུབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཀ་རིམ་པའི་ཞིང་ཆེན་ཁོངས་གཏོགས་ཁེ་ལས་གཅིག་པུར་གྱུར། 

འདས་པའི་ལོ་གཅིག་གི་ནང་། ནུབ་ཕྱོགས་གཏེར་ལས་རིམས་ནད་སྔོན་འགོག་དང་ཐོན་སྐྱེད་གཏན་འཇགས། བདེ་འཇགས་འགན་སྲུང་བཅས་ཀྱིས་འབད་བརྩོན་ཆེན་པོས་ལས་བཟོ་བ་དང་མང་ཚོགས་ཀྱི་བྲེལ་བ་ཆེ་ཞིང་དཀའ་ཁག་ཆེ་བའི་གནད་དོན་ཐག་གཅོད་བྱས་ཤིང་། ཧུར་ཐག་སྒོས་རྒྱལ་ཁབ་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ལག་བསྟར་དང་། ཤུགས་ཆེན་པོས་ཞིང་ཆེན་ཡོངས་ཀྱི་བཟའ་བཅའི་ཚྭའི་གཏན་འཇགས་འདོན་སྤྲོད་ལ་འགན་སྲུང་བྱས་ཏེ། དཀའ་ཁག་སེལ་རོགས་བྱས་ནས་ལོ་ཧྲིལ་བོར་ཁེ་ལས་ཆུང་འབྲིང་དང་སྒེར་གྱི་བཟོ་ཚོང་བའི་ཁང་བའི་གླ་རིན་སྒོར་བྱེ་བ་གཅིག་དང་ས་ཡ་བརྒྱད་ཁྲི་གཉིས་མེད་པར་བཏང་བ་དང་། མ་དངུལ་སྒོར་ས་ཡ་ལྔ་དང་འབུམ་དྲུག་ཁྲི་གསུམ་བཏང་ནས་འབྲེལ་གཏུག་དབུལ་སྐྱོར་སྡེ་བའི་ཐོན་ལས་འཕེལ་རྒྱས་ལ་རོགས་རམ་བྱས་པར་མ་ཟད། སྒོར་ས་ཡ་གཅིག་གིས་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ཆུ་ལོག་གནོད་འགོག་བྱ་བར་རོགས་སྐྱོར་བྱས་ནས། དོན་དངོས་འགུལ་སྐྱོད་ལས་རྒྱལ་ཁབ་ཁེ་ལས་ལ་ཏང་གིས་མགོ་ཁྲིད་བྱེད་པའི་ཆབ་སྲིད་རང་མདངས་མངོན་པར་བྱས་ཡོད། 


བསོད་ནམས་ཚེ་རིང་གིས་བསྒྱུར།