རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་སྤྱི་ཐུན་ཚོགས་ར་ནས་མི་སྣ་འདུ་འཛོམས་བྱེད་པའི་བདེ་འཇགས་དོ་དམ་ལ་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བརྡ་ཐོ་འགྲེལ་སྤེལ་བྱས།
2023.01.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 263

ཉེ་ལམ། གསར་འགོད་པས་འཕྲལ་བསྟུན་དོ་དམ་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་སྤྱི་ཐུན་ཚོགས་ར་ནས་མི་སྣ་འདུ་འཛོམས་བྱེད་པའི་བདེ་འཇགས་དོ་དམ་ལ་སྔར་ལས་ཤུགས་སྣོན་པའི་སྐོར་གྱི་བརྡ་ཐོ་འགྲེལ་སྤེལ་བྱས་ཏེ། མི་སྣ་འདུ་འཛོམས་བྱེད་པའི་སྤྱི་ཐུན་ཚོགས་ར་དང་མང་ཚོགས་རང་ཤུགས་ཀྱིས་འདུ་འཛོམས་བྱེད་པའི་བྱ་འགུལ་གྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་པར་རེ་བ་བཏོན།

བརྡ་ཐོ་ནས་བསྟན་དོན། དུས་ཆེན་དང་གུང་གསེང་སྐབས་དང་བྱ་འགུལ་གལ་ཆེན་གྱི་སྤྱི་ཐུན་ཚོགས་རར་མི་སྣ་འདུ་འཛོམས་བྱེད་པའི་ཁྱད་ཆོས་ལ་དམིགས་ཏེ། གློ་བུར་དུ་བྱུང་བའི་དོན་རྐྱེན་གྱི་འཕྲལ་བསྟུན་སྔོན་དཔག་ཇུས་གཞི་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ལོ་ཕྱེད་རེར་ཉུང་མཐར་ཡང་ཐེངས་གཅིག་ལ་མི་སྣ་རྩ་འཛུགས་བྱས་ནས་ཡུལ་དངོས་ཇུས་གཞི་སྦྱོང་བརྡར་བྱེད་པ་དང་། བྱ་འགུལ་མ་སྤེལ་སྔོན་ལ་ཉུང་མཐར་ཡང་ཐེངས་གཅིག་ལ་ཞིབ་བཤེར་རང་བཞིན་གྱི་སྦྱོང་བརྡར་བྱེད་དགོས།

བརྡ་ཐོའི་ནང་བསྟན་དོན། སྤྱི་ཐུན་ཚོགས་ར་ལ་མི་ཚོགས་འདུ་འཛོམས་བྱེད་པ་དང་འཁོར་རྒྱུག་རང་བཞིན་ཤུགས་ཆེ་བ། འཕྲལ་བྱུང་རང་བཞིན་མཐོ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་སོ་སོས་ཁོངས་གཏོགས་ས་གནས་ཀྱི་དོ་དམ་འགན་འཁྲི་དང་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི། ཁེ་ལས་དང་ལས་ཁུངས་ཀྱི་གཙོ་གཞིའི་འགན་འཁྲི་དངོས་འབེབས་བཟང་བོ་བྱེད་དགོས་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དང་བྱེད་ཐབས་དངོས་འབེབས་ཞིབ་མོ་བྱས་ནས། སྤྱི་ཐུན་ཚོགས་རའི་བདེ་འཇགས་འགན་སྲུང་བྱེད་དགོས།

                                                                                               བཀྲ་ཤིས་འབུམ་གྱིས་བསྒྱུར།