ཟླ་དང་པོའི་ཚེས་བཅུ་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས《དུས་རབས་གསར་པའི་ཀྲུང་གོའི་ལྗང་མདོག་འཕེལ་རྒྱས》ཀྱི་རྒྱབ་ཤ་དཀར་པོའི་དེབ་ཅེས་པ་ཁྱབ་བསྒྲགས་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དང་ལག་ལེན། ཕན་འབྲས་བཅས་ཁྱོན་ཡོངས་ནས་ངོ་སྤྲོད་བྱས་ཏེ། ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས།
རྒྱབ་ཤ་དཀར་པོའི་དེབ་འདི་འགོ་བརྗོད་དང་མཇུག་བྱང་གཉིས་ཕུད་ཁྱོན་བསྡོམས་ཁག་བདུན་ལ་དབྱེ་ཡོད་ཅིང་། དེ་དག་ནི་སོ་སོར་བློ་བརྟན་འགྱུར་མེད་ངང་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་དངོས་སུ་ཞུགས་པ་དང་ལྗང་མདོག་བར་སྟོང་གི་རྣམ་པ་སྤྱིའི་ཆ་ནས་གྲུབ་པ། ཐོན་ལས་གྲུབ་ཆ་རྒྱུན་མཐུད་ངང་ལེགས་སྒྲིག་དང་ཇེ་ལེགས་སུ་ཕྱིན་པ། ལྗང་མདོག་ཐོན་སྐྱེད་བྱེད་སྟངས་རྒྱ་ཁྱབ་ངང་ཁྱབ་བརྡལ་དུ་ཕྱིན་པ། ལྗང་མདོག་འཚོ་བ་སྐྱེལ་སྟངས་རིམ་གྱིས་དར་བ། ལྗང་མདོག་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་རིམ་བཞིན་འཐུས་ཚང་དུ་ཕྱིན་པ། ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་སའི་གོ་ལའི་ཁྱིམ་གཞིས་བསྐྲུན་རྒྱུ་བཅས་ཡིན།
རྒྱབ་ཤ་དཀར་པོའི་དེབ་ཀྱིས་ངོ་སྤྲོད་བྱས་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཀྲུང་གོས་རི་སྔོ་ཆུ་དྭངས་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་དངོས་སུ་བསྐྱོད་དེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་དང་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པ། འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་ཀྱིན་པའི་སྐྱེ་ཁམས་དང་ལྗང་མདོག་འཕེལ་རྒྱས་ཀྱི་ངོ་མཚར་བསྐྲུན་པ་བཅས་བྱས་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་གལ་ཆེན་སྤོས་ཡོད། ལྗང་མདོག་ནི་དུས་རབས་གསར་པའི་ཀྲུང་གོའི་མངོན་གསལ་ཅན་གྱི་རྩ་བའི་ཁ་མདོག་ཏུ་གྱུར་ཡོད་ཅིང་། ལྗང་མདོག་འཕེལ་རྒྱས་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མངོན་གསལ་ཅན་གྱི་ཁྱད་ཆོས་སུ་གྱུར་ཡོད་ལ། ཡངས་ཤིང་རྒྱ་ཆེ་བའི་ཀྲུང་ཧྭ་ས་གཞིའི་ནམ་མཁའ་སྔར་ལས་སྔོ་བ་དང་རི་བོ་སྔར་ལས་ལྗང་བ། ཆུ་མོ་སྔར་ལས་དྭངས་བ་བཅས་མངོན་འགྱུར་བྱུང་བར་མ་ཟད། མི་དམངས་ལ་སྔར་ལས་ཆེ་བ་དང་སྔར་ལས་ཀུན་ཕན། སྔར་ལས་རྒྱུན་མཐུད་བཅས་ཀྱི་ལྗང་མདོག་གི་བདེ་སྐྱིད་འཚོ་བ་ལོངས་སུ་སྤྱོད་རྒྱུ་ཡོད་པར་བྱས། ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་ཀྱིས་མ་ཡུམ་སའི་གོ་ལར“ཀྲུང་གོའི་ལྗང་མདོག”སྔར་ལས་གང་མང་བསྣན་པ་དང་གོ་ལ་ཧྲིལ་པོའི་ལྗང་མདོག་གི་མངའ་ཁོངས་རྒྱ་ཆེར་བསྐྱེད་དེ། ཀྲུང་གོར་བདེ་སྐྱིད་བསྐྲུན་ཡོད་ལ་འཛམ་གླིང་ལའང་བདེ་སྐྱིད་བསྐྲུན་ཡོད།
རྒྱབ་ཤ་དཀར་པོའི་དེབ་ལས་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྤུས་ཚད་སྔར་ལས་མཐོ་བ་དང་ཕན་འབྲས་སྔར་ལས་ཆེ་བ། སྔར་ལས་འདྲ་མཉམ་དྲང་བདེན་ཡིན་པ། སྔར་ལས་རྒྱུན་མཐུད་ཡིན་པ། སྔར་ལས་བདེ་འཇགས་ལྡན་པ་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་སྟེ། ལྗང་མདོག་འདི་ཉིད་མཛེས་སྡུག་ལྡན་པའི་ཀྲུང་གོ་ཡི་སྔར་ལས་མངོན་གསལ་ཅན་དང་སྔར་ལས་གཏིང་ཟབ་མོ། སྔར་ལས་བརྟན་པོ་བཅས་ཀྱི་རྨང་གཞི་རུ་འགྱུར་བར་བྱས་ནས། རི་ལྗང་ཆུ་དྭངས་ཀྱི་ཁྲོད་ནས་མི་དམངས་ཀྱིས་རང་བྱུང་ཁམས་ཀྱི་མཛེས་སྡུག་དང་ཚེ་སྲོག་གི་མཛེས་པ། འཚོ་བའི་མཛེས་པ་བཅས་ལོངས་སྤྱོད་ཐུབ་པར་བྱེད་དགོས་པ་ནན་གྱིས་བསྟན།
རྒྱབ་ཤ་དཀར་པོའི་དེབ་ལས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་ཁབ་ཁག་གི་ཐུན་མོང་གི་འགན་འཁྲི་ཞིག་ཡིན། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་སྐྱེ་ཁམས་དཔལ་ཡོན་གྱི་རྨང་གཞི་དང་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་དེ། ལྗང་མདོག་གི་སའི་གོ་ལའི་ཁྱིམ་གཞིས་ལ་སྲུང་སྐྱོབ་ཡག་པོ་བྱས་ནས། སྔར་ལས་དྭངས་གཙང་དང་མཛེས་སྡུག་ལྡན་པའི་འཛམ་གླིང་བསྐྲུན་འདོད་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།