ཟླ་དང་པོའི་ཚེས་ཉེར་བཞི་ཉིན། ལ་ཏེན་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་ཐུན་མོང་སྒྲིག་གཞིའི་རྩེ་ཚོགས་སྐབས་བདུན་པ་ཨ་ཀེན་ཐིན་གྱི་རྒྱལ་ས་པུའུ་དབྱི་ནོ་ཟི་ཨེ་ལིས་ཟི་རུ་འཚོགས་ཤིང་། ལ་ཏེན་མེ་གླིང་གི་ཐུན་མོང་སྒྲིག་གཞིའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེ་ཨར་ནན་ཏི་ཟི་ཡིས་གདན་དྲངས་པ་ལྟར་དུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྩེ་ཚོགས་ལ་བརྙན་ལམ་ནས་ཤིས་ཚིག་ཕུལ།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུལ་བའི་བརྙན་ལམ་ཤིས་ཚིག་ལ་ལ་ཏེན་མེ་གླིང་རྒྱལ་ཁབ་ཀྱི་ལས་རིགས་ཁག་གི་མི་སྣ་མང་པོའི་གདེང་འཇོག་ཆེན་པོ་བྱས། ཁོ་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུལ་བའི་ཤིས་ཚིག་ལས། ཀྲུང་གོས་ལ་ཏེན་མེ་གླིང་དང་ཐུན་མོང་གི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱིན་པ་མཚོན་པ་དང་། ཐུན་མོང་གི་ངོས་འཛིན་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཟླ་གྲོགས་གལ་ཆེན་ཞིག་ཏུ་བརྩིས་ནས།མཉམ་དུ་ལ་ཏེན་མེ་གླིང་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་པ་དང་། སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་ཆེད་སྒུལ་ཤུགས་གསར་པ་སྣོན་ཐུབ་པའི་ངོས་འཛིན་བྱས།
ཞི་ཅིན་ཕིང་གིས་ཤིས་ཚིག་ལས་བསྟན་དོན། ལ་ཏེན་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་འབད་པས་ཞུགས་མཁན་དང་ལེགས་སྐྱེས་འབུལ་མཁན་ཞིག་ཀྱང་ཡིན། ལ་ཏིང་མེ་གླིང་གི་ཐུན་མོང་སྒྲིག་གཞི་འདི་ཉིད་དེང་སྐབས་གོ་ལ་ཧྲིལ་པོའི་འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་བར་མཉམ་ལས་བྱེད་པར་མེད་དུ་མི་རུང་བའི་སྐུལ་འདེད་གཏོང་མཁན་གྱི་སྟོབས་ཤུགས་ཤིག་ཏུ་གྱུར་ནས། ས་ཁུལ་གྱི་ཞི་བདེ་སྲུང་སྐྱོབ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ས་ཁོངས་གཞི་གཅིག་ཅན་ལ་སྐུལ་འདེད་བཅས་གཏོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད། ས་ཁུལ་སྔར་ལས་མང་བའི་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་མཉམ་ལས་བྱས་ནས། རྒྱུད་གཅིག་ལམ་གཅིག་མཉམ་དུ་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོར་རྒྱབ་སྐྱོར་དང་དེའི་ནང་ཞུགས་ཏེ། ཀྲུང་གོ་ཕྱོགས་དང་ལག་གདང་སྦྲེལ་ནས་ཀྲུང་གོ་དང་ལ་ཏེན་མེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས།
ཕེ་རུའི་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་གི་གླིང་གཙོ་མིས་ཀི་ཨར·ལའོ་ཏི་ལིས་ཀི་ཟི·མའེ་ཁའེ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུལ་བའི་ཤིས་ཚིག་ལས་ཀྲུང་གོས་ལ་ཏེན་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་བར་མཉམ་དུ་འཕེལ་རྒྱས་གཏོང་བ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་པའི་བརྡ་རྟགས་བསྟན་ཡོད་ལ། ས་ཁུལ་དེ་གའི་རྒྱལ་ཁབ་སོ་སོས་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་གོ་སྐབས་གལ་ཆེན་མཁོ་འདོན་བྱས་ཡོད་ཟེར།
ཀྲུང་གོ་དང་ལ་ཏེན་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་བར་དུ་བར་ཐག་རིང་པོ་ཡོད་ནའང་། ཕན་ཚུན་བར་ཐུན་མོང་ཁེ་ཕན་ཆེན་པོ་ལྡན་པས། ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་དང་རོགས་རམ་བྱེད་ཀྱིན་ཡོད། ཀྲུང་གོ་དང་ལ་ཏེན་མེ་གླིང་བར་གྱི་མཉམ་ལས་ནི་གཉིས་ཕན་གཉིས་རྒྱལ་གྱི་འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་བར་གྱི་མཉམ་ལས་ཤིག་ཡིན། ཨ་ཀེན་ཐིན་རྒྱལ་སྲུང་སློབ་ཆེན་གྱི་མཁས་པ་ཀུང་སཱ་ལོ·ཐོ་ཨར་ཏིས་ཉིས་ཀྱིས། ཉེ་བའི་ལོ་འདི་དག་གི་རིང་ལ། ཐུན་མོང་སྒྲིག་གཞིའི་རྒྱལ་ཁབ་དང་ཀྲུང་གོའི་བར་གྱི་མཉམ་ལས་དེ་ཆབ་སྲིད་དང་དཔལ་འབྱོར། རིག་གནས། ཚན་རྩལ། སྨན་བཅོས། སློབ་གསོ་སོགས་ཁྱབ་ཁོངས་ཁག་ལ་ཁྱབ་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པ་བརྒྱུད། ཀྲུང་གོས་ལ་ཏེན་མེ་གླིང་གི་ཐུན་མོང་སྒྲིག་གཞིའི་རྒྱལ་ཁབ་སྔར་ལས་དོ་སྙོམས་ངང་འཕེལ་རྒྱས་ཡོང་ཆེད་ལེགས་སྐྱེས་འབུལ་བཞིན་ཡོད། “ལ་ཏེན་མེ་གླིང་དང་ཀྲུང་གོའི་མཉམ་ལས་ནི་འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་དཔེ་མཚོན་ཞིག་རེད”ཟེར། ཁོས་མུ་མཐུད་དུ་ནན་གྱིས་བཤད་རྒྱུར། “ཀྲུང་གོ་ནི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་མཁན་གལ་ཆེན་ཞིག་ཡིན། ཀྲུང་གོས་ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་དང་། གཉིས་ཕན་གཉིས་རྒྱལ་དང་ཐུན་མོང་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུར་སྐུལ་འདེད་བཏང་བས། ལ་ཀྲུང་ཕྱོགས་གཉིས་ཀས་འདྲ་མཉམ་གྱི་རྨང་གཞིའི་སྟེང་མཉམ་ལས་བྱས་པར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད”ཟེར།
མོ་ཞི་ཁོ་ཡིའུ་ཁ་ཐན་རང་སྐྱོང་སློབ་ཆེན་རྒྱལ་སྤྱིའི་གནད་དོན་གྱི་ཆེད་མཁས་པ་ཕ་མེ་ལ·ཁི་ལིས་ཟི་ཐཱ་ལའེ་ཟི་ཡིས། ཀྲུང་གོས་ཕྱོགས་མང་རིང་ལུགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ལ་ཀྲུང་མཉམ་ལས་དེ་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་གཉིས་རྒྱལ་གྱི་རྨང་གཞིའི་སྟེང་བཙུགས་པ་ཞིག་ཡིན་པས། ལ་ཏེན་མེ་གླིང་རྒྱལ་ཁབ་ཀྱིས་རང་ངོས་ཀྱི་དོན་དངོས་ལ་གཞིགས་ནས་ཟབ་ཞུགས་བྱེད་སྟངས་ཡག་ཤོས་གདམ་ག་བྱེད་ཆོག་ཟེར།
ཁུ་པའི་རྒྱལ་སྤྱིའི་ཆབ་སྲིད་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུང་གོའི་གནད་དོན་གྱི་ཆེད་མཁས་པ་ཨའེ་ཏི་ཧྭ་ཏའོ·ལེ་ཅ་ལཱ་ཏའོ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུལ་བའི་ཤིས་ཚིག་གིས་ཀྲུང་གོས་ལ་ཏེན་མེ་གླིང་དང་ཅ་ལེ་པིའི་ས་ཁུལ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱས་ཡོད་པས། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་དང་འཛམ་གླིང་ལྷོ་རྒྱུད་རྒྱལ་ཁབ་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད་ཟེར། ཁོས་ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པའི་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་རྒྱུར་རེ་ལྟོས་བྱེད་ཀྱིན་ཡོད་པའི་ཚུལ་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།