རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་ལེའོ་ཉིན་ཞིང་ཆེན་ཕན་ཅིན་ཧོ་ཡེ་རྫས་འགྱུར་བཟོ་ལས་ཚད་ཡོད་ཀུང་ཟི་རུ་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་འགས་གཏོར་ཚབས་ཆེན་བྱུང་བའི་དོན་རྐྱེན་གནས་ཚུལ་ཁྱབ་སྒྲོག་བྱས།
2023.01.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཟླ་དང་པོའི་ཚེས་ཉེར་བདུན་ཉིན། གསར་འགོད་པས་འཕྲལ་བསྟུན་དོ་དམ་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་ཉེ་ལམ་ལེའོ་ཉིན་ཞིང་ཆེན་ཕན་ཅིན་ཧོ་ཡེ་རྫས་འགྱུར་བཟོ་ལས་ཚད་ཡོད་ཀུང་ཟི་རུ་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་འགས་གཏོར་ཚབས་ཆེན་བྱུང་བའི་དོན་རྐྱེན་གྱི་གནས་ཚུལ་ཁྱབ་སྒྲོག་བྱས།

ཉིས་སྟོང་ཉེར་གསུམ་ལོའི་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན། ལེའོ་ཉིན་ཞིང་ཆེན་ཕན་ཅིན་ཧོ་ཡེ་རྫས་འགྱུར་བཟོ་ལས་ཀུང་ཟིས་ཝན་ཅི་ཧྭ་སྒྲིག་སྦྱོར་ཞིག་གསོ་བྱེད་པའི་གོ་རིམ་ཁྲོད་དུ་འགས་གཏོར་བྱུང་ནས། མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་སོ་ལྔ་རྨས། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་དོན་རྐྱེན་ལ་ཞིབ་བཤེར་ཐག་གཅོད་བྱས།

ཁྱབ་སྒྲོག་བྱེད་སྐབས་བསྟན་དོན། དོན་རྐྱེན་དེ་ལོ་སར་གྱི་སྔོན་ཏག་ཏག་དང་ད་ལོའི་ལོ་སྟོད་ལ་ཉེན་ཁ་ཆེ་སར་ཆེད་དོན་དག་ཐེར་བཅོས་སྐྱོང་བྱེད་པའི་སྐབས་སུ་བྱུང་ནས་མི་སྣར་ཤི་རྨས་ཚབས་ཆེན་བྱུང་བ་དང་། ཤུགས་རྐྱེན་ཚབས་ཆེན་ཐེབས་ཤིང་བསླབ་བྱ་ནན་མོ་ཐོབ། ཞིབ་བཤེར་རགས་ཙམ་བྱས་པ་ལྟར་ན། དོན་རྐྱེན་བྱུང་བའི་ཁེ་ལས་ཀྱིས་ཕན་འབྲས་དང་བདེ་འཇགས་ཀྱི་འབྲེལ་བ་ཐག་གཅོད་བྱས་པ་དོ་མི་མཉམ་པ་མངོན་པར་བྱས་ཤིང་། བདེ་འཇགས་ཐོན་སྐྱེད་ཀྱི་གཙོ་གཞིའི་འགན་འཁྲི་དང་ལེན་བཟང་བོ་མ་བྱས་པ་དང་། ཉེན་ཁ་དུས་ཡུན་རིང་བོར་ཐག་མ་བཅད་ཅིང་སྒྲིག་ཆས་ཉམས་གསོ་བྱེད་པའི་བདེ་འཇགས་དོ་དམ་ཕྱོགས་སུ་ཞན་ཆ་མང་བ་དང་། བདེ་འཇགས་ཆེད་དོན་དག་ཐེར་བཅོས་སྐྱོང་ནན་མོ་མ་བྱས་པ་སོགས་ཀྱི་གནད་དོན་གནས་ཡོད།

ཁྱབ་སྒྲོག་ནང་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་དང་ཁེ་ལས་ཀྱིས་བདེ་འཇགས་འཕེལ་རྒྱས་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། ཏན་ཏན་ཏིག་ཏིག་སྒོས་ཉེན་ཁ་ཆེ་བའི་རྫས་འགྱུར་ཐོན་རྫས་ཀྱི་བདེ་འཇགས་ཉེན་ཁའི་བཅོས་སྐྱོང་གི་ལས་འགན་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་པར་སྐུལ་འདེད་གཏོང་བ་དང་། མྱུར་དུ་མི་སྣ་རྩ་འཛུགས་བྱས་ཏེ་རྫས་འགྱུར་བཟོ་ལས་ཀྱི་སྒྲིག་སྦྱོར་ཕྱོགས་ལ་ཆེད་དོན་ཞིབ་བཤེར་དང་དག་ཐེར་བཅོས་སྐྱོང་བྱེད་དགོས། བདེ་འཇགས་ཉེན་ཁར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་འགན་འཁྲི་དང་ལེན་བཟང་བོ་བྱས་ནས་དོན་རྐྱེན་ཚབས་ཆེན་འབྱུང་བར་གཏན་འགོག་བྱེད་དགོས།

                                                                                                           བཀྲ་ཤིས་འབུམ་གྱིས་བསྒྱུར།