ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་ཁེ་ལས་ལ་དྲོད་ཁོལ་འདོན་པའི་དཔྱིད་རླུང་འགུལ་སྐྱོད་ཞེས་པའི་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱས་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས། ཞིང་ཆེན་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། གྲོས་གཞི་དང་བསམ་འཆར་ལ་ཉན་པ་དང་། ཁེ་ལས་པས་མཚོ་སྔོན་དུ་གཞི་འཛུགས་པར་སྐུལ་སློང་བཏང་ནས། མཉམ་དུ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་མཛེས་སྡུག་གི་མ་འོངས་པ་འཛུགས་སྐྲུན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད།
བཞུགས་མོལ་ཚོགས་འདུའི་སྟེང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཝེ་ཏུང་གིས་གོ་སྐབས་དམ་འཛིན་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་དང་ཁེ་ལས་རོགས་སྐྱོར་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ཇུས་གཞི་སྐོར་གྱི་ནང་དོན་གཙོ་བོ་ཁྱབ་བསྒྲགས་བྱས་པ་དང་། ཐེན་ཧི་ཉི་འོད་ནུས་པའི་མ་རྐང་ཚད་ཡོད་ཀུང་ཟིའི་རྒྱུན་ལས་སྤྱི་ཁྱབ་འགན་འཛིན་པ་གཞོན་པ་ཚའོ་པོ་དང་ཉིན་ཏི་ཧྲི་ཏའེ་ནུས་ཁུངས་གསར་བའི་ཚན་རྩལ་མ་རྐང་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་གི་ལག་རོགས་པ་ཡུས་ཏུང་ཞུས། མཚོ་སྔོན་པའེ་ཁི་ཅི་ཟས་རིགས་ཞིབ་སྤེལ་ཚད་ཡོད་འགན་ལེན་ཀུང་ཟིའི་ཏུང་ཧྲི་ཀྲང་མཱ་ལིས་ཕིང་། མཚོ་སྔོན་དབྱི་ཅ་ཆིན་ཞིང་ཞོར་ཐོན་རྫས་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་ཅ་ཅན་ཆོན། མཚོ་སྔོན་ཧུའེ་ཧྥིན་འཁྱགས་ཐག་དངོས་སྐྱེལ་མ་རྐང་ཚད་ཡོད་ཀུང་ཟིའི་ཏང་ཧྲི་ཀྲང་ཝང་ཀྲི་ཡུང་། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་ཟི་སྤྱི་གཉེར་བ་ཡུས་མེའོ། ཀྲུང་གོའི་གློག་འཕྲིན་མཚོ་སྔོན་ཡན་ལག་ཀུང་ཟིའི་སྤྱི་གཉེར་བ་སུའུ་ཞའོ་མེན། མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་ཡུན་ཧུང་ཝེ་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད། འབྲེལ་ཡོད་ཐད་གཏོགས་ལས་ཁུངས་དང་གྲོང་ཁྱེར། ཁུལ་བཅས་ཀྱིས་ཡིག་ཐོག་བརྗེ་རེས་བྱས།
ཁྲིན་དང་གིས་རེ་རེ་བཞིན་ཕྱིར་ལན་བཏབ་པ་དང་གཏམ་བཤད་པར་མ་ཟད། ཁེ་ལས་ཀྱིས་མཚོ་སྔོན་གྱི་བཅོས་བསྒྱུར་འཕེལ་རྒྱས་ཐད་བཞག་པའི་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། ཁེ་ལས་དང་ཁེ་ལས་པ་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྲོག་ཤིང་སྟོབས་ཤུགས་ཡིན་པས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་དང་ཆ་ཚང་བ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ཚད་མཐའ་བརྟན་སྲུང་བྱེད་པ་དང་ལམ་བུ་གསར་བར་སྐྱོད་པ། ཏན་ཏན་ཏིག་ཏིག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་གཏན་ཤུགས་སྲུང་འཛིན་བྱེད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་བོར་ཇེ་བཟང་དུ་འགྲོ་བའི་གཞི་རྩ་འགྱུར་མེད་པ་མཐོང་བ། མཚོ་སྔོན་གྱི་དཔལ་འབྱོར་མྱུར་དུ་འཕར་སྣོན་བྱུང་བ་མཐོང་པར་བྱས་ནས། མཉམ་དུ་དཔལ་འབྱོར་འཁོར་རྒྱུག་སྤྱི་ཁོག་ནས་ཇེ་བཟང་དུ་འགྲོ་བར་སྐུལ་འདེད་གཏོང་དགོས། དགེ་མཚན་ལ་རྐང་འཛུགས་པ་དང་། སྟོབས་ལྡན་དུ་བསྒྱུར་བ། སྐྱེ་ཁམས་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ། ཁྱད་ལྡན་ཐོན་ཁུངས་བཀོལ་སྤྱོད་བྱེད་པ། འཕེལ་རྒྱས་ཀྱི་སྦས་ཤུགས་སྔོག་འདོན་བྱས་ཏེ། ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་རུ་བསྐྱོད་དགོས། གསར་གཏོད་ལ་དོ་སྣང་བྱེད་པ་དང་། ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ། ཁེ་ལས་ཀྱི་གསར་གཏོད་གཙོ་གཞིའི་ནུས་པ་སྔར་ལས་འདོན་སྤེལ་བཟང་བོ་བྱེད་པ། ཐོན་ཁུངས་དང་ནུས་ཁུངས། མཐོ་སྒང་སོགས་ཁྱབ་ཁོངས་ཀྱི་ཚན་རྩལ་འགག་རྒོལ་ལ་ཤུགས་སྣོན་པ། ཤེས་ལྡན་མི་སྣ་ནང་འདྲེ་བྱེད་པའི་ཕྱོགས་ནས་ཉམས་མྱོང་སྤྱི་སྡོམ་བྱེད་པ་དང་ཞན་ཆ་ཁ་གསབ་བྱས་ནས། གསར་གཏོད་ལ་སྐུལ་སློང་བྱེད་པའི་སྣང་ཚུལ་སྟུག་པོ་གྲུབ་པར་བྱེད་དགོས། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། མཚོ་སྔོན་གྱི་འཕེལ་རྒྱས་ཐད་རོགས་འདེགས་བྱེད་པ། མུ་མཐུད་དུ་རང་རྟོགས་སྒོས་ཁེ་ལས་ཀྱི་འཕེལ་རྒྱས་དེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་བརྟན་བརླིང་དང་ཡུན་རིང་བོར་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་འཕེལ་རྒྱས་གསར་བ་མངོན་འགྱུར་བྱེད་དགོས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཚོང་རའི་གཙོ་གཞི་སྐྱེད་སྲིང་བྱེད་པ་དང་དར་སྤེལ་གཏོང་རྒྱུ་དེ་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་འཇོག་པ་དང་། ཧུར་ཐག་གིས་ཁེ་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ཁོར་ཡུག་བཟང་བོ་བསྐྲུན་པ། མཚོ་སྔོན་དངུལ་གཏོང་ལས་དར་བྱེད་པའི་གཤིན་ས་རུ་འགྱུར་བར་བྱེད་པ། ཁེ་ལས་པའི་མཚན་སྙན་དེ་མཚོ་སྔོན་ཆེས་ཁྱད་ཆོས་ལྡན་པའི་བྱང་བུ་རུ་འགྱུར་བར་བྱས་ནས། མཉམ་དུ་སྐྱེས་སྟོབས་འབར་བའི་དཔྱིད་ཀ་བསུ་དགོས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། རྒྱ་ཆེའི་ཁེ་ལས་ཀྱིས་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་གཙོ་ཤུགས་དམག་ཡིན་པ་དང་། བཅོས་བསྒྱུར་སྒོ་འབྱེད་སྤེལ་བའི་ཚུན་དང་ལྷག་པར་དུ་དུས་རབས་གསར་བའི་ལོ་བཅུའི་རིང་ལ། རང་ཞིང་གི་རིགས་མི་འདྲ་བའི་ཚོང་རའི་གཙོ་གཞི་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་བ་དང་། སྤྱིའི་གྲངས་ཚད་དང་གཞི་ཁྱོན་ཉིན་རེ་བཞིན་རྒྱ་སྐྱེད་ལ། གྲུབ་ཚུལ་གྱི་སྤུས་ཚད་རྒྱུན་མ་ཆད་པར་ལེགས་བསྒྱུར་བྱས་པ་དང་། དམངས་གཉེར་ཁེ་ལས་གོང་འཕེལ་དུ་བཏང་ལ། ཞིང་ཆེན་ཁོངས་གཏོགས་ཀྱི་ཁེ་ལས་སྟོབས་དང་ལྡན་པར་གྱུར་བ་དང་། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ཁེ་ལས་ཀྱི་བྱས་རྗེས་འབུར་དུ་ཐོན་ལ། གསར་གཏོད་སྣེ་ཁྲིད་ཀྱི་ནུས་པ་མངོན་གསལ་ཡིན་པ་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་ལས་ཞུགས་ནང་འགུག་བྱེད་པ། ལག་རྩལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་ནས་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ། རང་ཞིང་གིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱེད་པའི་ཐད་ནས་བྱས་རྗེས་གལ་ཆེན་བཞག རྒྱ་ཆེའི་ཁེ་ལས་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་བསྐྱོད་ལམ་གསར་བའི་སྟེང་ནུས་པ་འདོན་ས་མང་པོ་ཡོད་པས། གནས་བབ་ཁོང་དུ་ཆུད་པར་བྱེད་པ་དང་གོ་སྐབས་དམ་འཛིན་བྱེད་པ། མཉམ་དུ་འཕེལ་རྒྱས་ལ་འཆར་འགོད་བྱེད་པ། ཕན་ཡོད་དགོས་མཁོ་རྒྱ་སྐྱེད་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ། དམངས་ཚིས་ཀྱི་བདེ་སྐྱིད་མཐོར་འདེགས་བྱེད་པ། ཚན་རྩལ་ཡར་ཐོན་གསར་གཏོད་བཅས་ཀྱི་ཁྲོད་གྲུབ་འབྲས་ཆེན་པོ་ལེན་དགོས། སྲིད་གཞུང་གིས་སྟོབས་ཤུགས་ཡོད་རྒུས་ཁེ་ལས་ལ་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་བཅས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱེད་པ། འགོ་བཟང་བོ་རྩོམ་པ་དང་ཞབས་འདེགས་བཟང་བོ་ཞུ་བ། ཁོར་ཡུག་སྔར་ལས་བཟང་བོས་ཁེ་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། སེམས་ཤུགས་གཅིག་སྒྲིལ་གྱིས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས།
ཞིང་ཆེན་གྱི་འགོ་ཁྲིད་ཁྲིན་རུའེ་ཧྥིན་དང་ཝང་དབྱང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། ཝང་ལེན་ཧུའུ། ཝུའུ་ལ་ཙི་པེ་ཁི.རིག་སུའུ་ལིས་ཧྭན། པད་ཁོ། ཀྲུའུ་ཞང་ཧྥིན། ཝང་ལིས་མེན། ལུས་ཀང་། ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ལིས་ཧོང་ཡ། ཧི་ལུའུ་ཁྲུན། ཝང་ཧའེ་ཧོང་། ཀྲང་ཞའོ་རོང་བཅས་ཚོགས་འདུར་ཞུགས། ཞིང་ཆེན་དམངས་ཆེན་དང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ཁེ་ལས། དངུལ་རྩའི་སྡེ་ཁག ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཆེ་རིགས། དམངས་གཉེར་ཁེ་ལས། ཕྱི་ཕྱོགས་དངུལ་གཏོང་ཁེ་ལས་དང་ཕྱིར་འཚོང་ཁེ་ལས། མི་སྒེར་བཟོ་ཚོང་ཁྱིམ་ཚང་། ཁེ་ལས་གཞན་པ་བཅས་ཀྱི་འཐུས་ཚབ་པ་ཚོགས་འདུར་ཞུགས།