རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། དེང་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བ་དངོས་གཉེར་དམ་འཛིན་བྱེད་པ་དང་། ལོ་སྟོད་ཀྱི་དཔལ་འབྱོར་འཁོར་སྐྱོད་གོམ་སྟབས་བརྟན་པོས་བསྐྱར་འཕར་འབྱུང་བར་སྐུལ་འདེད་བཏང་སྟེ། དཔྱིད་ཀའི་རྨོ་འདེབས་ཀྱི་གྲ་སྒྲིག་བྱ་བར་བཀོད་སྒྲིག་བཟང་བོ་བྱས་ནས། སྟོན་བསྡུ་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་བརྟན་འཇགས་འཁོ་འདོན་གྱི་རྨང་གཞི་བརྟན་པོ་འདིང་ཆེད། འཛད་སྤྱོད་མྱུར་དུ་སླར་གསོ་དང་ཕྱི་ཚོང་ཕྱི་དངུལ་བརྟན་འཇགས་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་བཏང་ནས། དཔལ་འབྱོར་གྱི་སྒུལ་ནུས་ཇེ་དྲག་ཏུ་གཏོང་བའི་རེ་བ་བཏོན།
གྲོས་ཚོགས་ལས་བསྟན་དོན། དེང་སྐབས་ཀྱི་དཔལ་འབྱོར་མུ་རུ་སླར་གསོ་བྱུང་ནས། བསྐྱར་འཕར་གྱི་རྣམ་པ་མངོན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་ལེན་མཐིལ་ཕྱིན་བྱས་ཏེ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབ་བྱས་ཏེ། འཕར་སྣོན་བརྟན་འཇགས་དང་ལས་ཞུགས་བརྟན་འཇགས། དངོས་གོང་བརྟན་འཇགས་བཅས་ལ་ཤུགས་བསྣན་ནས། དཔལ་འབྱོར་འཁོར་རྒྱུག་དེ་ལུགས་མཐུན་གྱི་ཁྱབ་ཁོངས་སུ་སྲུང་འཛིན་བྱེད་དགོས། དཔལ་འབྱོར་བརྟན་འཇགས་ཡོང་བར་བྱེད་པའི་སྲིད་ཇུས་རབ་དང་རིམ་པ་དང་སྦྲེལ་མཐུད་བྱེད་ཐབས་ལག་བསྟར་བྱས་ནས། ནོར་སྲིད་དང་དངུལ་རྩའི་རྒྱབ་སྐྱོར་ཐོབ་པའི་ལས་གཞི་གལ་ཆེན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། སྒྲིག་ཆས་གསར་སྒྱུར་གྱིས་བྱ་བའི་ཚད་ཇེ་མང་དུ་གཏོང་བ་དང་། སྔར་ནས་གཏན་འཁེལ་ལག་བསྟར་བྱེད་ཀྱིན་པའི་གཞི་རྒྱ་ཆུང་བའི་ཁྲལ་འཇལ་མཁན་ལ་ཁྲལ་རིགས་ཇེ་ཉུང་དང་ཡང་ན་མེད་པར་བཟོས་ཏེ། གྲངས་ཉུང་དངུལ་བུནབསྐྱི་བ་སོགས་ཀྱི་སྲིད་ཇུས་དངོས་འབེབ་བྱེད་དགོས། གཡོ་འགུལ་མེད་པ་གཉིས་རྒྱུན་འཁྱོངས་དང་། ཁྲིམས་ལྟར་དམངས་གཉེར་ཁེ་ལས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱས་ནས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་དགོས། སྟེགས་བུའི་དཔལ་འབྱོར་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་འབྱུང་བར་རྒྱབ་སྐྱོར་བྱེད་དགོས། ཁེ་ལས་མྱུར་དུ་ལསཀ་སླར་གསོ་འབྱུང་བར་སྐུལ་འདེད་གཏོང་བ་དང་། ཞིང་བ་ཕྱིར་ལས་རྐང་སྟེང་ཞུགས་ནས་ཞབས་ཞུ་སྒྲུབ་པའི་བྱ་བ་ཏན་ཏིག་གིས་སྒྲུབ་ནས། གོང་འོག་ཚང་མས་མཉམ་དུ་འབད་བརྩོན་བྱས་ཏེ། དཔལ་འབྱོར་འཁོར་སྐྱོར་བསྐྱར་འཕར་གྱི་རྣམ་པ་དེ་བརྟན་ཆགས་དང་རྒྱ་སྐྱེད་གཏོང་དགོས།
གྲོས་ཚོགས་ལས་བསྟན་དོན། ལོ་གཅིག་གི་འཆར་གཞི་དཔྱིད་ཀ་ནས་མགོ་རྩོམ་དགོས། དཔྱིད་ཀའི་འབྲུ་རིགས་ཐོན་ཚད་དེ་ཡིས་ལོ་ཧྲིལ་བོའི་ཐོན་ཚད་ཀྱི་བརྒྱ་ཆའི་དྲུག་ཅུ་ཟིན་ཡོད། དཔྱིད་ཀའི་འབྲུ་རིགས་ཀྱི་ཐོན་ཚད་དེ་འབྲུ་རིགས་གཙོ་བོ་དག་གི་ཁྲོད་ཀྱི་བརྒྱ་ཆའི་བཞི་བཅུ་ཟིན་ཡོད། ཟླ་གཉིས་པའི་མགོ་ནས་བཟུང་། འབྲེལ་ཡོད་སྡེ་ཁག་གིས་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ། རིམ་པ་བཞིན་འགནབགོས་ཏེ། དཔྱིད་དུས་རྨོ་འདེབས་ཀྱི་དུས་སྐབས་བཟང་པོ་ཤོར་དུ་འཇུག་མི་རུང་། འབྲུ་རིགས་བརྟན་འཇགས་མཁོ་སྤྲོད་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་བ་ལ་དངོས་གོང་བརྟན་འཇགས་ཀྱིས་རྨང་གཞི་བཟང་པོ་འདིང་དགོས། གཅིག་ནི་གྲོ་ཞིང་དང་སྣུམ་ཚལ་གྱི་ས་ཞིང་ལ་དོ་དམ་བཟང་པོ་བྱེད་དགོས། ས་གནས་ཀྱི་ཁྱད་ཆོས་དང་སོན་མྱུག་གི་ཁྱད་ཆོས་ལྟར་ལག་རྩལ་གྱི་མཛུབ་སྟོན་ལ་ཤུགས་བསྣན་ནས། དཔྱིད་ཀའི་ཐན་སྐམ་དང་བར་འཁྱགས། གནོད་འབུ་སོགས་ཀྱི་གནོད་འཚེ་སེལ་ཐབས་བྱེད་དགོས། གཉིས་ནི། ས་ཁུལ་སོ་སོའི་འབྲུ་རིགས་དང་སྣུམ་ཚལ་གྱི་ཐོན་སྐྱེད་དམིགས་འབེན་གཏན་ཁེལ་གསལ་བོ་བྱས་ནས། འབྲུ་འདེབས་ཀྱི་རྒྱ་ཁྱོན་ལ་ཁག་ཐེག་བྱེད་པ་དང་། སྲན་མའི་འདེབས་འཛུགས་ཀྱི་རྒྱ་ཁྱོན་བརྟན་འཇགས་སུ་གཏོང་དགོས། གསུམ་ནི། ཞབས་ཞུའི་འགན་སྲུང་ལེགས་པོར་སྒྲུབ་དགོས། ཞིང་ལས་དངུལ་རྩ་ཁུལ་ཁོངས་བརྒལ་བའི་འཁོར་རྒྱུག་སྙོམས་སྤོར་ལེགས་པོ་བྱས་ཏེ། ཞིང་བ་མང་ཚོགས་ཀྱི་འབྲུ་འདེབས་ལུད་རྫས་གྲ་སྒྲིག་སོགས་ལ་རྒྱབ་སྐྱོར་བྱེད་དགོས། སྐུད་ལམ་དང་ཡུལ་དངོས་བཅས་ནས་ཞིང་ལས་ལག་རྩལ་གསབ་སྦྱོང་བྱེད་དགོས། ཞིང་ལས་འཕྲུལ་ཆས་ཞིག་གསོ་དང་ཁུལ་ཁོངས་བརྒལ་བའི་འཕྲུལ་ཆས་ཀྱི་རྨོ་འདེབས་ལ་རྩ་འཛུགས་ལེགས་པོ་བྱས་ནས། སྤྱི་ཚོགས་རང་བཞིན་གྱི་རྩ་འཛུགས་བྱེད་ནུས་འདོན་སྤེལ་བཟང་པོ་བྱེད་དགོས། ཞིང་ས་ཆུང་བའི་ཁྱིམ་ཚང་གི་རྨོ་འདེབས་ལ་རོགས་སྐྱོར་བྱེད་དགོས། ལྔ་ནི། སྲན་མ་རྨོ་འདེབས་ཀྱི་རྒྱབ་སྐྱོར་ཚད་ཆེ་རུ་གཏོང་དགོས། གྲོ་ཞིང་ལ་གཅིག་གཅོལ་གསུམ་འགོག་གི་རོགས་དངུལ་གྱིས་ཁེབས་པར་བྱེད་པ་དང་། སྔ་མོ་ནས་གནོད་འབུ་སེལ་བའི་མ་དངུལ་སྟེར་དགོས། ལྷོ་ཕྱོགས་ཀྱི་གཅིག་བསྡུས་རྨོ་འདེབས་རོགས་དངུལ་ལག་བསྟར་བྱས་ནས། ཞིང་བ་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་ལ་སྒུལ་ཤུགས་བསྩལ་ནས། འབྲུ་རིགས་ཐོན་ཚད་འཕར་བར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་བསྟན་དོན། དགོས་མཁོ་བསྐང་ཐུབ་ཀྱིན་མེད་པའི་འགལ་བ་གཙོ་བོ་ལ་དམིགས་ནས། གནས་བབ་ལ་གཞིགས་ནས་འཛད་སྤྱོད་ལ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་གྱི་སྒུལ་འཐེན་ནུས་པ་གཙོ་བོ་སླར་གསོ་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་ཕྱི་ཕྱོགས་སྒོ་འབྱེད་བྱས་ནས། ཕྱི་ཚོང་ཕྱི་དངུལ་བརྟན་འཇགས་ངང་འཕར་བར་སྐུལ་འདེད་གཏོང་དགོས། གཅིག་ནི་འཛད་སྤྱོད་རྒྱ་ཆེ་རུ་གཏོང་དགོས། འཚོ་བའི་ཞབས་ཞུའི་ལས་རིགས་དང་ཁེ་ལས། བཟོ་ཚོང་མི་སྒེར་བཅས་ཀྱི་དཀའ་ངལ་ལ་རོགས་སྐྱོར་བྱས་ནས། རླངས་འཁོར་ལ་སྐུལ་འདེད་གཏོང་པ་སོགས་འཛད་སྤྱོད་སྲིད་ཇུས་ཆེ་ཁག་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས། འཛད་སྤྱོད་ལ་སྐུལ་བའི་བྱ་འགུལ་སྣ་ཚོགས་རྩ་འཛུགས་བྱས་ཏེ། འབྲེལ་གཏུག་རང་བཞིན་གྱི་འཛད་སྤྱོད་མྱུར་དུ་སླར་གསོ་འབྱུང་བར་སྐུལ་འདེད་གཏོང་དགོས། འཛད་སྤྱོད་དངུལ་བུན་བསྐྱི་བ་ལུགས་མཐུན་སྒོས་ཇེ་མང་དུ་གཏོང་དགོས། གྲོང་ཁྱེར་རེ་རེ་་ཡིས་རང་རྐང་ལ་རྨང་བཙུགས་ནས་བྱེད་ཐབས་བཟོས་ཏེ་སྲིད་ཇུས་ཀྱི་འཇོག་སྣོད་ལེགས་པོར་བཀོལ་དགོས། སྲ་མཁྲེགས་རང་བཞིན་དང་ལེགས་སྒྱུར་རང་བཞིན་གྱི་སྡོད་ཁང་དགོས་མཁོ་བསྐང་བར་རྒྱབ་སྐྱོར་བྱེད་དགོས། གཉིས་ནི། ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྩ་བའི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་ནས། དོན་དངོས་བྱེད་ཐབས་མང་པོ་མུ་མཐུད་དུ་སྐུལ་འདེད་བཏང་ནས། ཕྱི་ཚོང་བརྟན་འཇགས་ལ་འབད་བརྩོན་བྱེད་དགོས། རྒྱལ་ནང་གི་ཡུལ་དངོས་འགྲེམ་སྟོན་སླར་གསོ་ལ་སྐུལ་འདེད་བཏང་ནས། ཁེ་ལས་ས་ཁུལ་བརྒལ་ནས་འགྲེམ་སྟོན་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཕྱིར་ཚོང་གི་ཁྲལ་དངུལ་ཕྱིར་རྫོགས་པ་དང་། ཡིད་རྟོན་དངུལ་བུན་བསྐྱི་བ། ཡིད་རྟོན་འགན་སྲུང་བཅས་ཀྱི་སྲིད་ཇུས་དངོས་འབེབ་བྱེད་དགོས། དམངས་སྒོར་གྱི་གཏོང་ཚད་དེ་ལུགས་མཐུན་ཆ་སྙོམས་ཀྱི་ཆུ་ཚད་ཐོག་ནས་རྩ་བའི་ཆ་ནས་བརྟན་འཇགས་ཡོང་པ་སྲུང་འཛིན་བྱེད་དགོས། ཁེ་ལས་ཀྱིས་ཁུལ་ཁོངས་ཁྲོད་ནས་ཕྱོགས་ཡོངས་ནས་དཔལ་འབྱོར་རོགས་ལས་འབྲེལ་བ་བཙུགས་ནས་ཁྲོམ་ར་ཆེ་རུ་གཏོང་པར་རྒྱབ་སྐྱོར་བྱེད་དགོས། ས་ཁུལ་བརྒལ་བའི་དྲ་ཚོང་དང་། ཕྱི་རྒྱལ་ལ་ཚོང་ཟོག་སྐུར་བ་སོགས་ཀྱི་བྱ་བའི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་བཏང་ནས། ཕྱི་ཚོང་གི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་པ་དང་། ལུགས་མཐུན་གྱི་ཕྱིར་གཏོང་རྒྱ་སྐྱེད་དགོས། གསུམ་ནི། ཧུར་ཐག་གིས་ཕྱི་དངུལ་ནང་འགུགས་བྱེད་དགོས། ཕྱི་ཚོང་དངུལ་རྩའི་ཐོན་ལས་ཟིན་ཐོ་གསར་བ་མྱུར་དུ་དངོས་འབེབ་བྱས་ནས། ས་གནས་ཚོང་འགུག་དངུལ་འདྲེན་ལ་རྒྱབ་སྐྱོར་བྱེད་དགོས། ཚོང་ལས་ཚོད་ལྟའི་ཁུལ་སོགས་ཀྱི་སྟེགས་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། མི་སྣ་ས་ཁུལ་བརྒལ་ནས་ཕར་འགྲོ་ཚུར་འོང་བྱེད་པར་སྟབས་བདེ་སྐྲུན་པའི་བྱེད་ཐབས་དངོས་འབེབ་བྱེད་དགོས། ཕྱི་དངུལ་ཁེ་ལས་ཞབས་ཞུ་ལ་མུ་རུ་ཤུགས་བསྣན་ནས། ལས་གཞི་གལ་ཆེན་དག་མྱུར་དུ་དངོས་འབེབ་བྱེད་པར་སྐུལ་མ་གཏོང་དགོས།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།