ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་ཁྱབ་སྟེང་མིང་བཀོད་དེ། དམག་མིའི་བྱས་རྗེས་རེའུ་མིག་དོ་དམ་གཏན་འཁེལ་ཉིས་སྟོང་ཉེར་གསུམ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས།
གཏན་འཁེལ་ལས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ཞིང་། ཞི་ཅིན་ཕིང་གིདམག་དར་དགོངས་དོན་ལག་བསྟར་བྱས་པ་དང་། དམག་དོན་སྲིད་ཇུས་ལམ་ལུགས་བཅོས་སྒྱུར་གྱི་སྤྱིའི་བླང་བྱ་དངོས་འབེབས་བཟང་བོ་བྱས་ཏེ། དམག་འཐབ་གྲ་སྒྲིག་གི་བྱ་བ་གཙོ་བོ་གཅིག་སྡུད་བྱས་པ་དང་། དམག་དཔུང་གི་བྱས་རྗེས་མཚན་སྙན་གཟེངས་བསྟོད་ལམ་ལུགས་མ་ལག་དང་མཉམ་བསྲེས་བྱས་པ་དང་། ལོ་རྒྱུས་རྒྱུན་འཛིན་དང་གསར་སྐྲུན་འཕེལ་རྒྱས་ཟུང་འབྲེལ་བྱེད་པ་དང་ཁྱད་ཆོས་སྲུང་འཛིན་དང་ནང་འདྲེན་དང་དཔྱད་གཞིར་འཛིན་པ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་པར་མ་ཟད་ནང་དོན་ཕུན་སུམ་ཚོགས་པ་དང་ཁྱད་ཆོས་གསལ་བོ་ཡིན་པ། ཁྲིད་ཕྱོགས་ཡང་དག་པ། བྱས་རྗེས་མངོན་པར་བྱེད་པའི་དམག་མིའི་བྱས་རྗེས་རེའུ་མིག་དོ་དམ་མ་ལག་ཕྱོགས་ཡོངས་ནས་གསར་སྐྲུན་བྱས་ཏེ། དམག་དོན་ལས་རིགས་ཀྱི་འགུག་ནུས་དང་དམག་མིའི་འགན་འཁྲིའི་ཚོར་སྣང་དང་མཚན་སྙན་ཚོར་སྣང་སྔར་ལས་ཇེ་དྲག་ཏུ་བཏང་བ་དང་། མཚན་སྙན་ལ་གཅེས་སྤྲས་བྱེད་པ་དང་དཔའ་བོར་གུས་འདུད་བྱེད་པ། གདོང་ལེན་མཁན་བརྩོན་ལེན་བྱེད་པའི་རྣམ་པ་བཟང་བོ་གསར་སྐྲུན་བྱས་ཡོད།
གཏན་འཁེལ་ནི་རང་རེའི་དམག་དཔུང་གི་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་དམག་མིའི་བྱས་རྗེས་རེའུ་མིག་དོ་དམ་བྱ་བ་ཚད་ལྡན་དུ་གཏོང་བའི་ཁྲིམས་སྲོལ་ཡིག་ཆ་ཐོག་མ་ཡིན། གཞི་རྩའི་བསྲུང་བྱ་རྒྱུན་འཁྱོངས་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱས་རྗེས་མཚན་སྙན་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། བྱས་རྗེས་རེའུ་མིག་ལམ་ལུགས་འཛུགས་སྐྲུན་གྱི་གཞི་རྩའི་མཛུབ་སྟོན་ཁོང་དུ་ཆུད་པར་བྱེད་དགོས། དམག་འཐབ་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ལོ་རྒྱུས་མདོར་བསྡུས་ཇུས་འགོད་དང་འདོགས་པའི་གོ་རིམ། འདོགས་པའི་གྲངས་ཀ་སོགས་ཕྱོགས་སོ་སོ་ནས་དམག་འཐབ་བྱས་རྗེས་འབུར་དུ་ཐོན་པར་བྱེད་པ་དང་། དམག་འཐབ་ལ་སྐུལ་མ་གཏོང་བར་དོ་སྣང་བྱེད་དགོས་ལ། དམག་འཐབ་དང་ལས་འགན་གལ་ཆེན་ལག་བསྟར་བྱེད་པ་དང་། དཀའ་ཚེགས་ཆེ་བའི་ས་ཁུལ་དུ་དམག་སྐུལ་དང་ལེན་བྱེད་པ་སོགས་དམིགས་བསལ་གྱི་ལོ་རྒྱུས་བརྒྱུད་རིམ་དང་མཚན་སྙན་མཚོན་པར་བྱེད་དགོས། མ་ལག་ཇུས་འགོད་རྒྱུན་འཁྱོངས་བྱས་ཏེ། ལས་གཞི་བཙུགས་ནས་དམག་ཡོངས་ཀྱི་ཐུན་མོང་དང་དམག་དཔུང་གི་ཁྱད་ཆོས་ལ་ལྟ་རྟོག་བྱེད་པ་དང་དེའི་ནང་དུ་བྱས་རྗེས་མཚན་སྙན་དང་གཟེངས་བསྟོད་བྱེད་པ། ལས་གནས་སུ་བྱས་རྗེས་འཇོག་པ་དང་དམག་སྐུལ་དང་ལེན་བྱས་ནས་བྱས་རྗེས་འཇོག་པ་སོགས་ཇུས་འགོད་བྱས་ཡོད་ལ། གསར་སྐྲུན་རྒྱུན་འཛིན་རྒྱུན་འཁྱོངས་བྱས་ཏེ། རང་རེའི་དམག་དཔུང་གི་གཟི་བརྗིད་ལོ་རྒྱུས་སྲོལ་རྒྱུན་རྒྱུན་འཁྱོངས་བྱེད་པ་དང་རང་རེའི་དམག་དཔུང་གི་གཟེངས་རྟགས་གནང་བའི་ལམ་ལུགས་ཀྱི་ནུས་ལྡན་ཉམས་མྱོང་དང་ལེན་བྱས་ནས། རང་རེའི་དམག་དཔུང་གི་དམར་པོའི་གཞི་རྒྱུའི་རྒྱུ་ཆ་གང་མང་བཀོལ་སྤྱོད་བྱེད་པར་ཡིད་འཇོག་ཆེན་པོ་བྱེད་དགོས་པར་མ་ཟད། ཧུར་ཐག་སྒོས་གནས་བབ་དང་ལས་འགན་གསར་བའི་གསར་སྐྲུན་འཕེལ་རྒྱས་དང་མཐུན་ཐབས་ཡོང་བར་བྱེད་པ་དང་། དུས་རབས་གསར་བའི་ཁྱད་ཆོས་མང་པོ་ལྡན་པ་དང་སྒྲིག་སྲོལ་གསར་བའི་ཁྱད་ཆོས་དང་འཚམ་པ། འགན་འཁྲི་གསར་བའི་རེ་བ་མཚོན་པའི་དམག་མིའི་བྱས་རྗེས་རེའུ་མིག་ལམ་ལུགས་གསར་སྐྲུན་བྱེད་དགོས། གཏན་འཁེལ་ལག་བསྟར་བྱས་པ་དེས་ཚན་རིག་དང་མཐུན་ཞིང་ལུགས་མཐུན་ཡིན་པའི་བྱས་རྗེས་རེའུ་མིག་ལས་གཞིའི་དོ་དམ་རྐྱེན་སྲོལ་དང་ཆ་ཚང་ཞིང་འཐུས་ཚང་ཡིན་པའི་གཟེངས་རྟགས་གནང་བའི་རྐྱེན་སྲོལ། གོ་རིམ་ལྡན་པའི་མཁོ་འདོན་འགན་སྲུང་རྐྱེན་སྲོལ། དབང་ཟིལ་ནུས་ལྡན་གྱི་བཀོལ་སྤྱོད་ལྟ་སྐུལ་རྐྱེན་སྲོལ་གསར་སྐྲུན་བྱེད་པ་དང་། དམག་དཔུང་གི་བྱས་རྗེས་རེའུ་མིག་བྱ་བ་ཚད་ལྡན་དུ་གཏོང་བར་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས།
བཀྲ་ཤིས་འབུམ་གྱིས་བསྒྱུར།