ཟླ་དང་པོའི་ཚེས་ཉེར་དགུ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། གོ་སྐབས་དམ་འཛིན་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་འགུལ་སྐྱོད་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།
གྲོས་ཚོགས་ནས་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། གྲོས་ཚོགས་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། རྒྱུན་མཐུད་སྒོས་དེང་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བ་བཟང་བོར་སྒྲུབ་པ་དང་། འཕར་སྣོན་བརྟན་འཇགས་དང་ལས་ཞུགས་བརྟན་འཇགས། དངོས་གོང་བརྟན་འཇགས་དམ་འཛིན་བྱས་ནས། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་ཁུལ་གནས་སུ་སྲུང་འཛིན་བྱེད་དགོས། དཔལ་འབྱོར་བརྟན་འཇགས་ཀྱི་སྲིད་ཇུས་རབ་དང་རིམ་པ་དང་རྒྱུན་མཐུད་སྲིད་ཇུས་དངོས་འབེབས་བཟང་བོ་བྱས་ཏེ། རྒྱུན་མཐུད་སྒོས་སྲིད་ཇུས་ཕན་ཁེ་ལག་བསྟར་བྱེད་དགོས། དཔྱིད་འདེབས་གྲ་སྒྲིག་བྱ་བ་དམ་འཛིན་བྱེད་པ་དང་། ཞིང་ལས་མཁོ་རྫས་གསོག་འཇོག་དང་མཁོ་འདོན་བྱ་བ་བཟང་བོར་སྒྲུབ་དགོས་ལ། ཞིང་ཕྱུགས་ལས་ཐོན་སྐྱེད་ཀྱི་ལག་རྩལ་མཛུབ་སྟོན་ལ་ཤུགས་བསྣན་ནས། རོང་འབྲོག་མང་ཚོགས་ཀྱི་ཐོན་ཚད་འཕར་སྣོན་དང་ཡོང་སྒོ་འཕར་བར་སྐུལ་འདེད་གཏོང་དགོས། འཛད་སྤྱོད་སླར་གསོའི་རིམ་འཕར་འགུལ་སྐྱོད་ལག་བསྟར་བྱེད་པར་ཤུགས་སྣོན་པ་དང་རྩ་འཛུགས་བྱས་ཏེ་ཕུན་ཚོགས་སྣ་མང་གི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་སྤེལ་བ་དང་། བབ་བསྟུན་མདུན་སྐྱོད་སྒོས་འཛད་སྤྱོད་མྱུར་དུ་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས། ཚོང་འགུག་དངུལ་འདྲེན་གྱི་ཕན་འབྲས་འཕར་བའི་འགུལ་སྐྱོད་ལག་བསྟར་བྱེད་པར་ཤུགས་སྣོན་པ་དང་། ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་ནས་ཕྱི་ཕྱོགས་ཉོ་ཚོང་བརྟན་འཇགས་སྲུང་འཛིན་བྱེད་དགོས།
གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་གྱི་གོ་སྐབས་དམ་འཛིན་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་གྱི་སྤྱིའི་ཇུས་གཞི་དང་ཆེད་དོན་འགུལ་སྐྱོད་ཇུས་གཞི་དགུ་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་ཐོག་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ནས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཁེ་ལས་ལ་རོགས་སྐྱོར་དང་དྲོད་ཁོལ་སྐྱེལ་བ་དང་དངུལ་གཏོང་ལས་གཞིའི་མཁྲེགས་གཏོར། བཟོ་ལས་ཀྱི་གཞི་ཁྱོན་རྒྱ་བསྐྱེད་པ་དང་ཐོན་ཚད་འཕར་བ། འཛད་སྤྱོད་སླར་གསོ་རིམ་འཕར། ཚན་རྩལ་གསར་སྐྲུན་ནུས་པ་མཐོར་འདེགས་སུ་གཏོང་བ། ཚོང་འགུག་དངུལ་འདྲེན་གྱི་ཕན་འབྲས་འཕར་བ། དེང་རབས་ཞིང་ལས་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བ། ལས་ཞུགས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་འཕར་བ་སོགས་ཆེད་དོན་འགུལ་སྐྱོད་དགུ་སྤེལ་བ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པའི་བྱེ་བྲག་འགུལ་སྐྱོད་ཡིན་པ་དང་། རང་ཞིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་དོན་གཙོ་བོ་དང་ནུས་ལྡན་བྱེད་ཐབས་ཡིན། ཡུན་རིང་ལ་ཕན་འབྲས་ཐོབ་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། དམིགས་འབེན་གཞིར་འཛིན་པ་དང་ལོ་ཧྲིལ་བོར་དམ་དུ་སྦྲེལ་བ། དེང་སྐབས་དམ་འཛིན་བྱས་ཏེ། བྱ་བའི་གཅིག་གྱུར་བཀོད་སྒྲིག་ནུས་པ་ཇེ་ཆེར་གཏོང་བ་དང་། ཡུན་རིང་ནུས་ལྡན་བྱ་བའི་རྐྱེན་སྲོལ་ཆ་ཚང་དུ་གཏོང་བ། ལས་འགན་གཙོ་བོ་སྣ་ཚོགས་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་ནས། དུས་ཚིགས་དང་པོར་གྲུབ་འབྲས་བཟང་བོ་ལེན་པ་དང་ལོ་སྟོད་ལ་ཕྱོགས་ཡོངས་སླར་གསོ་བྱེད་པ་མངོན་འགྱུར་བྱེད་རྒྱུ་འགན་སྲུང་བྱེད་དགོས་པར་མ་ཟད་ལོ་ཧྲིལ་བོའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས།
བཀྲ་ཤིས་འབུམ་གྱིས་བསྒྱུར།