ཟླ་དང་པོའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། ཤིས་ཚིག་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་བྱས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལུགས་རྙིང་ལོ་སར་གྱི་ལྷན་འཛོམས་ཚོགས་འདུར་ཞུགས་སྐབས་དང་ཏང་ཕྱིའི་མི་སྣ་དང་བཞུགས་མོལ་མཛད་སྐབས། མཉམ་དུ་ལུགས་རྙིང་ལོ་སར་བསུ་བའི་སྐབས་བཅས་སུ་གནང་བའི་གསུང་བཤད་གལ་ཆེན་དང་། ལུགས་རྙིང་ལོ་སར་སྔ་ནུབ་ཏུ་བརྙན་རིས་བརྒྱུད་དེ་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་མཛད་པ་དང་། དམག་དཔུང་གི་དམག་འཐབ་གྲ་སྒྲིག་བྱ་བར་ཞིབ་བཤེར་མཛད་པར་མ་ཟད་འཚམས་འདྲི་མཛད་སྐབས་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གྱིས། 2022ལོའི་བྱ་བར་ཕྱིར་ལྟ་བྱས་པ་དང་། 2023ལོའི་བྱ་བར་རྒྱང་ལྟ་བྱས་ལ། ནང་དོན་ཕུན་སུམ་ཚོགས་ཤིང་དགོངས་པ་གཏིང་ཟབ་ལ། མི་ལ་སྐུལ་སློང་ཐེབས་ཐུབ་པ་དང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་སྐྱོད་ལམ་གསར་བར་བསྐྱོད་པའི་བརྩོན་སེམས་དང་ཡིད་ཆེས་ཆེ་རུ་བསྐྱེད་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལ་ཏེན་མེ་གླིང་དང་ཅ་ལི་པིས་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་མཐོ་རིམ་གྲོས་ཚོགས་སྐབས་བདུན་པར་གནང་བའི་བརྙན་རིས་ཤིས་ཚིག་གིས་ཀྲུང་གོས་མིའི་རིགས་ཐུན་མོང་གི་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་པའི་ཐད་ནུས་ཤུགས་འདོན་བཞིན་པ་ཡང་བསྐྱར་གསལ་་བོར་མཚོན་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གདེང་འཇོག་ཚད་མཐོན་པོ་ཐོབ་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་དམིགས་འབེན་གསར་བར་ཁ་ཕྱོགས་པ་དང་། ཡང་བསྐྱར་ལམ་ལ་ཆས་པའི་རེ་བ་གལ་ཆེན་ལྟར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་བྱེད་པ་དང་། འབད་འཐབ་ལྷོད་མེད་ཀྱི་བསམ་པ་བཅངས་ནས་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དེ་མཚོ་སྔོན་གྱི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པའི་སྒུལ་ཤུགས་ཆེན་པོ་རུ་བསྒྱུར་དགོས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་ལངས་གནས་མཐོ་ཞིང་དང་དགོངས་པ་གཏིང་ཟབ་ལ། ཏང་ཡོངས་ལ་གསོན་ཉམས་ལྡན་པའི་ཏང་གི་སློབ་ཁྲིད་ཅིག་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་པ་དང་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱིས་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་རྒྱུ་དེ་བྱེ་བྲག་གི་བྱ་བ་དང་འགུལ་སྐྱོད་དངོས་ཀྱི་སྟེང་དངོས་འབེབས་བྱས་ནས། སྔར་ལས་རང་རྟོགས་སྒོས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་དགོས། འགན་སྒྲུབ་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། ཁྲིད་ཕྱོགས་གསུམ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ། ཉེན་ཁ་ཐག་གཅོད་བྱེད་པའི་ནུས་པ་བཅས་ཇེ་དྲག་ཏུ་གཏོང་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་ཆེར་བསྐྱེད་པ་དང་། དངོས་འབེབས་ལག་བསྟར་བྱེད་ཕོད་པ། ཁག་ཁུར་འབད་འཐབ་བྱེད་པ། འཐབ་རྩོད་བྱེད་པར་རྒྱབ་བརྟེན་ནས་ལས་དོན་འཕེལ་རྒྱས་ཀྱི་སྣང་ཚུལ་གསར་བ་བཏོད་དགོས། མ་ལག་བསམ་བློ་ཇེ་དྲག་ཏུ་གཏོང་བ་དང་། མདུན་བལྟ་རང་བཞིན་ལྡན་པའི་སྒོ་ནས་བསམ་གཞིགས་གཏོང་བ་དང་སྤྱི་ཡོངས་རང་བཞིན་ལྡན་པའི་སྒོ་ནས་འཆར་འགོད་བྱེད་པ། སྤྱི་ཁོག་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་སྣ་ཚོགས་ལ་སྐུལ་འདེད་གཏོང་དགོས། ཕུལ་བྱུང་སྤྱོད་ཚུལ་དར་སྤེལ་གཏོང་བ་དང་། རང་བཤེར་ནན་མོ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མེད་པར་བྱས་ཏེ། རྟོག་ཞིབ་ཞིབ་འཇུག་གི་སྲོལ་བཟང་དར་སྤེལ་གཏོང་དགོས། སྤྱོད་བཟང་སྲིད་གཙང་རྒྱུན་འཁྱོངས་བྱེད་པ་དང་། གུང་ཁྲན་ཏང་མིའི་ཆབ་སྲིད་རང་མདངས་རྒྱུན་འཛིན་བྱས་ནས། མཚོ་སྔོན་གྱི་ཆབ་སྲིད་སྐྱེ་ཁམས་བཟང་བོ་བསྐྲུན་པ་དང་སྲུང་སྐྱོང་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཚད་ཤིང་དུ་བྱས་ཏེ། ཚད་གཞི་མཐོན་པོ་དང་རེ་བ་ནན་མོས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གི་དམངས་གཙོ་འཚོ་བའི་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་འགོ་ཁྲིད་ཚན་ཁག་གི་དམངས་གཙོ་འཚོ་བའི་གྲོས་ཚོགས་བཟང་བོར་བསྡུ་དགོས།
ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་ཁྲིམས་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་དོན་འཁྱོལ་བྱེད་པ། སྲིད་ཁྲིམས་ཁྱབ་ཁོངས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་ནས། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་པའི་ཐད་བདེ་འཇགས་བརྟན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས། ཉེན་ཁ་འགོག་སྲུང་བྱེད་པའི་སྟེང་ཤུགས་འདོན་དགོས། ཚད་མཐའི་བསམ་བློ་དང་མུ་མཐའི་བསམ་བློ་ཇེ་དྲག་ཏུ་གཏོང་བ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བ། བདེ་འཇགས་ནམ་ཡང་དམ་འཛིན་བྱེད་པ། ཆབ་སྲིད་ཀྱི་ཤེས་ཚོར་རང་བཞིན་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་ནམ་ཡང་སྲུང་འཛིན་བྱས་ཏེ། བདེ་འཇགས་འཕེལ་རྒྱས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས། ཞན་ཆ་ཁ་གསབ་བྱེད་པའི་ཐད་འབད་བརྩོན་བྱེད་དགོས། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་བྱ་བའི་ཐད་ཤུགས་འདོན་པ་དང་། ཞན་ཆ་ཁ་གསབ་བྱེད་པ། འགན་འཁྲི་གཞི་རིམ་ནས་གཏན་ཁེལ་གསལ་བོ་བྱེད་པ་དང་སྟོབས་ཤུགས་གཞི་རིམ་ནས་ཆེར་བསྐྱེད་པ། ལས་འགན་གཞི་རིམ་ནས་ལག་བསྟར་བྱེད་པ། ལག་བསྟར་དོན་འཁྱོལ་མཐར་ཐུག་བྱས་ཏེ། གོང་འོག་གཉིས་ཕན་ཡོད་སྦྲེལ་མཐུད་བྱེད་པར་ཁག་ཐེག་བྱེད་དགོས། དཔུང་སྡེ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཐད་ནས་ཕན་འབྲས་ལེན་དགོས། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་སྲིད་ཁྲིམས་བྱ་བའི་ཐད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཉེན་རྟོག་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ། རྒྱུན་མཐུད་ངང་སྤྱོད་བསྲང་སྒྲིག་གཅུན་བྱས་ནས། སྲིད་ཁྲིམས་དཔུང་སྡེ་གསར་བརྗེ་ཅན་དང་ཚད་གཞི་ཅན། ཆེད་ལས་ཅན། ལས་རིགས་ཅན་དུ་བསྒྱུར་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་དགོས།
ཚོགས་ཐོག་ནས་རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་དང་རྒྱལ་ཡོངས་ལས་བྱེད་པ་རྒན་པའི་ཅུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཆབ་སྲིད་འཛུགས་སྐྲུན་དམ་འཛིན་བྱེད་པ་དང་། ལག་བསྟར་དོན་འཁྱོལ་གྱི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། སློབ་གསོ་གསོ་སྦྱོང་ཁྲོད་ཆབ་སྲིད་བྱང་ཚད་འབུར་དུ་ཐོན་པར་བྱེད་པ་དང་། ཕུགས་འདུན་ཡིད་རྟོན་སློབ་གསོར་ཤུགས་སྣོན་པ། ཏང་ཡོན་ལས་བྱེད་པས་རང་ཉིད་དེའི་ཁྲོད་འཇོག་པ་དང་འགན་འཁྲི་དེའི་ཁྲོད་འཇོག་པ། བྱ་བ་དེའི་ཁྲོད་འཇོག་པར་སྣེ་ཁྲིད་བྱེད་པ། ཆབ་སྲིད་ཐད་ཀྱི་བདེན་མིན་གྱི་དབྱེ་བ་འབྱེད་པ་དང་ཆབ་སྲིད་ཀྱི་བརྟན་འཇགས་སྲུང་འཛིན་བྱས་ནས། ཆབ་སྲིད་ཀྱི་གནས་བབ་ལ་ཁ་ལོ་བསྒྱུར་བ་དང་། ཆབ་སྲིད་ཐད་ཀྱི་ཉེན་ཁ་འགོག་སྲུང་བྱེད་པའི་ནུས་པ་མཐོར་འདེགས་སུ་གཏོང་དགོས། འདེམ་བསྐོ་མི་བཀོལ་བྱེད་པའི་ཁྲོད་ཆབ་སྲིད་ཀྱི་ཚད་གཞི་འབུར་དུ་ཐོན་པར་བྱེད་པ་དང་། ལངས་ཕྱོགས་བརྟན་པོས་ཆབ་སྲིད་གླེང་རྒྱུ་དེ་ལས་བྱེད་པ་འདེམ་བསྐོ་བྱེད་པའི་བྱ་བའི་གོ་གནས་དང་པོ་རུ་འཇོག་པ། དུས་རབས་གསར་བའི་ལས་བྱེད་པ་བཟང་བོའི་ཚད་གཞི་ལག་བསྟར་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་ནམ་ཡང་ཁ་ཕྱོགས་ཡང་དག་བརྒྱུད་དེ་མདུན་སྐྱོད་བྱེད་པའི་ཐད་རྐང་འཛིན་གྱི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱེད་པར་འགན་སྲུང་བྱེད་དགོས། དོ་དམ་ལྟ་སྐུལ་ཁྲོད་ཆབ་སྲིད་ཀྱི་སྐྱེ་ཁམས་འབུར་དུ་ཐོན་པར་བྱེད་པ་དང་། ནན་སྡོམ་གཅེས་སྐྱོང་ཟུང་འབྲེལ་བྱེད་པ་དང་སྐུལ་སློང་བཀག་འཛིན་ལ་དོ་སྣང་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཉིན་རྒྱུན་དུ་དོ་དམ་ནན་མོ་བྱས་ནས། ལས་བྱེད་པའི་བརྩོན་སེམས་དང་རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་ཆེར་བསྐྱེད་དགོས། རྩ་འཛུགས་འཛུགས་སྐྲུན་ཁྲོད་ཆབ་སྲིད་ཀྱི་རྩོལ་ནུས་འབུར་དུ་ཐོན་པར་བྱེད་པ་དང་། གཞི་རིམ་དམ་འཛིན་བྱེད་པའི་ལངས་ཕྱོགས་གསལ་བོ་འཛུགས་པ་དང་། ཁྱབ་ཁོངས་སོ་སོའི་ཏང་གི་གཞི་རིམ་རྩ་འཛུགས་དེ་ཏང་གི་འདོད་བློ་དྲིལ་སྒྲོག་བྱེད་པ་དང་ཏང་གི་ཐག་གཅོད་ལག་བསྟར་བྱེད་པ། གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་པ། མང་ཚོགས་ལ་མཐུན་སྒྲིལ་སྐུལ་སློང་བྱེད་པ། བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་འཛིང་གི་བཙན་རྫོང་དུ་འཛུགས་སྐྲུན་བྱེད་དགོས། ལས་བྱེད་པ་རྒན་པར་ཞབས་འདེགས་ཞུ་བའི་ཁྲོད་ཆབ་སྲིད་ཀྱི་འགན་འཁྲི་འབུར་དུ་ཐོན་པར་བྱེད་པ་དང་། བློ་མཐུན་རྒན་པར་ནམ་ཡང་བརྩི་བཀུར་བྱེད་པ་དང་གཟིགས་སྐྱོང་བྱེད་པ། དོན་དངོས་སྒྲུབ་པ། དུས་ཐོག་ཏུ་ལས་བྱེད་པ་རྒན་པའི་བྱ་བའི་ཁྲོད་ཀྱི་གནད་དོན་གལ་ཆེན་དང་བྱ་བ་གལ་ཆེན་ལ་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ། ཏང་སེམས་བདེ་བ་དང་བློ་མཐུན་རྒན་པ་ཡིད་ཚིམ་པར་བྱེད་དགོས། རང་སྟེང་འཛུགས་སྐྲུན་བྱེད་པའི་ཁྲོད་ཆབ་སྲིད་རང་གཤིས་འབུར་དུ་ཐོན་པར་བྱེད་པ་དང་། བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱེད་པ། དག་སྲུང་གསར་གཏོད་བྱེད་པ་དང་། སྒྲིག་ལམ་སྤྱོད་ཚུལ་སློབ་གསོར་ཤུགས་བསྣན་ནས། བྱ་བ་སྣ་ཚོགས་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།
ཚོགས་ཐོག་ཏུ་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། ལག་བསྟར་དམ་འཛིན་བྱས་ནས། སྤུས་ཚད་མཐོ་བའི་སྒོ་ནས་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་ལ་གྲ་སྒྲིག་བཟང་བོ་བྱེད་དགོས། བརྗོད་དོན་གཙོ་ཐིགལ་་གཙིགས་འཛིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་དང་ཆ་ཚང་བ་བྱེད་པ་དང་། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་བརྗོད་དོན་དང་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ཀྱི་གཙོ་ཐིག་ལ་དམ་དུ་དམིགས་ནས། ཆེས་རྒྱ་ཆེ་བའི་དུས་རབས་གསར་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དུ་གཏོང་བ་དང་འཕེལ་རྒྱས་སུ་གཏོང་དགོས། དཀྱིལ་སྙིང་ལ་ཞབས་འདེགས་ཞུ་བ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གནད་དོན་གལ་ཆེན་ལ་དམིགས་ནས། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། བློ་འདོན་ཇུས་འབུལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཀྱིལ་སྙིང་བྱ་བའི་སྤྱི་ཡོངས་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུ་དགོས། ལག་ལེན་གྱི་རང་འགུལ་ཇེ་དྲག་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་གཏོང་བ། འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་བོར་སྒྲུབ་པའི་བརྩོན་སེམས་དང་རང་འགུལ་རང་བཞིན་ཇེ་མཐོར་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་རྣམ་པ་གསར་བ་བསྐྲུན་དགོས།
ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2023ལོའི་བྱ་བ་གཙོ་བོ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་ཤན་སྦྱར་ཞིབ་བཤེར་དཔྱད་ཡིག་ལ་གྲོས་ཞིབ་བྱས་པ་དང་། 2022ལོའི་གྲོང་ཁྱེར་དང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་ཏང་ཨུས་མངགས་པའི་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་བྱ་བ་དམ་འཛིན་བྱས་པའི་བྱ་བའི་གྲུབ་འབྲས་དཔྱད་ཞིབ་དཔྱད་འཇོག་ཕྱོགས་བསྡུས་གདེང་འཇོག་གྲོས་གཞི་ལ་ཉན་པར་མ་ཟད། བྱ་བ་གཞན་པར་ཞིབ་འཇུག་བྱས།
རིན་ཆེན་མཚོས་བསྒྱུར།