ཞི་ཅིན་ཕིང་གིས་ཧང་ག་རི་ཡི་ཧང་ག་རི་དང་ཀྲུང་གོའི་སྐད་གཉིས་སློབ་གྲྭའི་སློབ་མར་འཕྲིན་ལན་བསྐུར།
2023.02.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 64

ཉེ་ལམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ག་རི་ཡི་ཧང་ག་རི་དང་ཀྲུང་གོའི་སྐད་གཉིས་སློབ་གྲྭའི་སློབ་མར་འཕྲིན་ལན་བསྐུར་ཏེ། ཧང་ག་རིའི་ན་གཞོན་ལོ་ཆུང་གིས་ཀྲུང་གོར་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཀྲུང་གོ་དང་ཧང་ག་རིའི་མཛའ་མཐུན་བྱ་གཞག་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་མཁན་བཟང་བོ་ཞིག་བྱེད་དགོས་པའི་སྐུལ་མ་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན།  ང་དང་ལྕམ་མོ་གཉིས་ཀར་ཆུ་མོ་ཡོས་ལོའི་ལོ་སར་ལ་ཁྱོད་ཚོས་བསྐུར་བའི་འཕྲིན་ཡིག་འབྱོར་བར་ཧ་ཅང་དགའ་པོ་སྐྱེས་བྱུང་། ངས་ད་དུང་ཉིས་སྟོང་དགུ་ལོར་ཧང་ག་རི་དང་ཀྲུང་གོའི་སྐད་གཉིས་སློབ་གྲྭའི་དགེ་སློབ་རྣམས་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས་པའི་རྣམ་པ་ཡིད་ལ་བཟུང་ཡོད། ཁྱེད་ཚོས་དུས་ཡུན་རིང་བོར་རྒྱ་ཡིག་སློབ་སྦྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་།  ཀྲུང་གོ་དང་ཧང་ག་རིའི་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་འགྲོ་བར་བྱས་རྗེས་འཇོག་བཞིན་པ་རྟོགས་པས་ངས་ཁྱོད་ཚོར་གཟེངས་བསྟོད་བྱེད་པ་ཡིན་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  ཀྲུང་གོ་དང་ཧང་ག་རིའི་བར་དུ་ཡུན་རིང་གི་ལོ་རྒྱུས་དང་འོད་སྟོང་འབར་བའི་རིག་གནས་ལྡན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་དུ་སྲོལ་རྒྱུན་མཛའ་མཐུན་ཟབ་མོ་ཆགས་ཡོད་ལ།  མི་གཞུང་བརྗེ་རེས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད།  ཁྱེད་ཚོ་སློབ་འབྲིང་མཐར་ཕྱིན་རྗེས་ཀྲུང་གོར་ཡོང་ནས་སློབ་ཆེན་འདོན་པར་དགའ་བསུ་ཞུ་བ་དང་། ཧང་ག་རིའི་ན་གཞོན་ལོ་ཆུང་གང་མང་ཞིག་གིས་རྒྱ་ཡིག་སྦྱོང་ བར་དགའ་བ་དང་རྒྱ་ཡིག་སྦྱོང་བར་རེ་བ་བཅངས་ཡོད།  གོ་སྐབས་ཡོད་ན་ཀྲུང་གོར་ཡོང་ནས་དེང་སྐབས་ཀྱི་ཀྲུང་གོ་དང་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཧུར་ཐག་སྒོས་ཀྲུང་གོ་དང་ཧང་ག་རིའི་མཛའ་མཐུན་བྱ་གཞག་འཕེལ་རྒྱས་དང་རྒྱུན་འཛིན་མཁན་བཟང་བོ་ཞིག་བྱེད་དགོས།

ཧང་ག་རི་དང་ཀྲུང་གོའི་སྐད་གཉིས་སློབ་གྲྭ་ནི་ཉིས་སྟོང་བཞི་ལོའི་ཟླ་དགུ་བར་བཙུགས་ཤིང་། དེ་ནི་ཡོ་རོབ་གླིང་དབུས་ཤར་ས་ཁུལ་དུ་རྒྱ་ཡིག་བེད་སྤྱོད་དང་གནས་སའི་རྒྱལ་ཁབ་སྐད་ཀྱིས་སློབ་ཁྲིད་བྱེད་པའི་གཞུང་བཙུགས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭ་གཅིག་པུ་ཡིན་ལ།  ད་ལྟ་ལོ་རིམ་བཅུ་གཉིས་ཀྱི་འཛིན་གྲྭ་ཉི་ཤུ་ཡོད་པ་དང་སློབ་གྲྭར་སྡོད་པའི་སློབ་མ་ལྔ་བརྒྱ་དང་སུམ་ཅུ་ལྷག་ཡོད། ཉིས་སྟོང་དགུ་ལོའི་ཟླ་བཅུ་བར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པའི་འགན་འཁུར་བའི་ཞི་ཅིན་ཕིང་གིས་ཧང་ག་རི་ལ་འཚམས་འདྲི་བྱེད་པའི་སྐབས་ཧང་ག་རི་དང་ཀྲུང་གོའི་སྐད་གཉིས་སློབ་གྲྭར་རྟོག་ཞིབ་བྱས་མྱོང་། ད་ལོའི་ལོ་སར་གྱི་སྔོན་ཏག་ཏག་ལ།  སློབ་གྲྭ་དེའི་སློབ་མ་ཧུའུ་ལིན་ཡའོ་དང་སུང་ཀྲི་ཞའོ་གཉིས་ཀྱིས་སློབ་གྲྭ་ཡོངས་ཀྱི་སློབ་མའི་ཚབ་བྱས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁོང་གི་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ལ་འཕྲིན་ཡིག་བསྐུར་ནས། ཀྲུང་གོའི་ལུགས་སྲོལ་ལྟར་ལོ་སར་ལ་རྟེན་འབྲེལ་ཞུས་པ་དང་།  སློབ་གྲྭ་ནས་ལོ་བཅུ་གཉིས་ལ་རྒྱ་ཡིག་སློབ་སྦྱོང་བྱས་པའི་མྱོང་ཚོར་བརྗོད་པར་མ་ཟད། མ་འོངས་པར་ཀྲུང་གོར་ཡོང་ནས་སློབ་ཆེན་བཏོན་ནས་ཧང་ག་རི་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བའི་ཐད་ལ་བྱས་རྗེས་འཇོག་པའི་རེ་འདུན་མཚོན་པར་བྱས།

                                                                                                   བཀྲ་ཤིས་འབུམ་གྱིས་བསྒྱུར།