ལིས་ཁི་ཆང་གིས་མི་དམངས་དངུལ་ཁང་དང་ཕྱི་དངུལ་དོ་དམ་ཅུའུ་ཡི་བྱ་བར་རྟོག་ཞིབ་མཛད་པར་མ་ཟད་མགོ་འཛིན་མཛད་ནས་བཞུགས་མོལ་ཚོགས་འདུ་བསྡུས།
2023.02.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 122

ཟླ་དང་པོའི་ཚེས་སུམ་ཅུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་མི་དམངས་དངུལ་ཁང་དང་ཕྱི་དངུལ་དོ་དམ་ཅུའུ་ལ་ཕེབས་ཏེ་བྱ་བར་རྟོག་ཞིབ་མཛད་པར་མ་ཟད་མགོ་འཛིན་མཛད་ནས་བཞུགས་མོལ་ཚོགས་འདུ་བསྡུས། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། དངུལ་རྩས་ཆེ་ཕྱོགས་དཔལ་འབྱོར་བརྟན་འཇགས་ལ་རྒྱབ་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱུན་མཐུད་སྒོས་དངུལ་རྩའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་ལ། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་ཁུལ་གནས་སུ་སྲུང་འཛིན་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ལིས་ཁི་ཆང་ཀྲུང་དབྱང་ཕྱི་དངུལ་བྱེད་སྒོའི་ལྟེ་གནས་སུ་ཕེབས་ཏེ་ལས་བྱེད་མི་སྣ་དང་བསམ་བློ་བརྗེ་རེས་བྱས་པ་དང་། ཕྱི་དངུལ་གསོག་འཇོག་བཟང་བོ་བྱས་པའི་བདག་གཉེར་ཁེ་ཕན་ལ་ཁས་ལེན་གང་ལེགས་བྱས། ཁོང་གིས་བསྟན་དོན། ཕྱི་ཕྱོགས་སྒོ་འབྱེད་ནི་གཞི་རྩའི་རྒྱལ་ཇུས་ཡིན་པས། ཀྲུང་གོའི་དཔལ་འབྱོར་འཛམ་གླིང་དང་མཉམ་བསྲེས་གཏིང་ཟབ་བྱས་པ་དང་། ཕྱི་དངུལ་གསོག་འཇོག་ལས་རྒྱལ་སྤྱིའི་སྟེང་དུ་རང་རྒྱལ་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་བྱེད་པའི་ཡིད་ཆེས་མཚོན་པར་བྱས་ཡོད་ལ། འཛའ་ཕྱོད་བརྟན་འཇགས་དེ་དཔལ་འབྱོར་དངུལ་རྩའི་ཁྱོན་ཡོངས་བརྟན་འཇགས་ཡོང་བར་འབྲེལ་བ་ཡོད། ལོ་འདི་དག་གི་རིང་ལ་སྐོར་ཐེངས་མང་པོའི་ཕྱི་ཕྱོགས་ཀྱི་བརྡབ་གསིག་ལ་དམིགས་ཏེ། རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་བྱེད་པ་དེ་ཨ་སྒོར་དུང་ཕྱུར་ཁྲི་གསུམ་གྱི་ཡན་ལ་སྲུང་འཛིན་བྱས་ཤིང་། མི་དམངས་ཤོག་སྒོར་གྱི་འཛའ་ཕྱོད་ཕལ་ཆེར་བརྟན་འཇགས་ཡིན་པ་དང་རྒྱལ་སྤྱིའི་དངུལ་ལོར་སྣ་ཚོགས་ཁྲོད་དུ་བལྟོས་བཅས་སྒོས་བརྟན་བརླིང་ཡིན་པས། ཕྱི་ཕྱོགས་ཉོ་ཚོང་དང་དངུལ་རྩ། དཔལ་འབྱོར་སོགས་བརྟན་འཇགས་ཡོང་བར་ནུས་ལྡན་འདེགས་ཤུགས་འདོན་སྤྲོད་བྱས།

ལིས་ཁི་ཆང་གིས་དངུལ་རྩའི་ཞབས་ཞུའི་དངོས་ཕུང་དཔལ་འབྱོར་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོང་གིས་བསྟན་དོན། དངུལ་རྩ་ནི་དེང་རབས་དཔལ་འབྱོར་གྱི་སྲོག་ཤིང་ཡིན་པ་དང་། དངུལ་རྩ་བཅོས་སྒྱུར་འཕེལ་རྒྱས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་བྱས། འདས་པའི་ལོ་བཅུའི་འཁོར་ཡུན་ལ་བལྟས་ན། དཔལ་འབྱོར་ལོ་རེར་ཆ་སྙོམས་སྒོས་བརྒྱ་ཆའི་དྲུག་དང་གྲངས་ཆུང་གཉིས་འཕར་སྣོན་བྱུང་བ་དང་། སྒོར་དུང་ཕྱུར་ཁྲི་ང་གསུམ་ནས་སྒོར་དུང་ཕྱུར་ཁྲི་བརྒྱ་དང་ཉེར་གཅིག་ལ་འཕར་སྣོན་ཆེན་པོ་བྱུང་ལ། དངུལ་རྩའི་ལས་ཁུངས་ཀྱི་སྤྱིའི་མ་རྩ་ཡང་ཚད་མཐོན་པོས་འཕར་སྣོན་བྱུང་། དཔལ་འབྱོར་འཕར་ཚད་བཟང་ན་དངུལ་རྩ་ད་གཟོད་བཟང་བ་དང་། དངུལ་རྩ་བརྟན་འཇགས་ཡིན་ན་དཔལ་འབྱོར་ད་གཟོད་བརྟན་བརླིང་ཡིན་ཟེར།

ཚོགས་ཐོག་ནས་མི་དམངས་དངུལ་ཁང་གིས་བྱ་བའི་གནས་ཚུལ་ཡར་ཞུ་བྱས། ལིས་ཁི་ཆང་གིས་བསྟན་དོན། ལོ་འདི་དག་གི་རིང་ལ་རིམས་ནད་སོགས་བརྡབ་གསིག་སྣ་མང་མྱངས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་མགོ་ཁྲིད་འོག རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་མཉམ་དུ་འབད་བརྩོན་བྱས་ནས་དཔལ་འབྱོར་རྒྱུན་མཐུད་སྒོས་འཕར་བ་སྲུང་འཛིན་བྱས། ང་ཚོས་བརྟན་བརླིང་ཡིན་པའི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དུས་དང་གནས་བབ་ལ་བསྟུན་ནས་སྤྱི་གྲངས་དང་སྒྲིག་གཞི་རང་བཞིན་གྱི་བྱེད་ཐབས་བཀོལ་སྤྱོད་བྱས་ནས། ཆེ་ཕྱོགས་དཔལ་འབྱོར་བརྟན་འཇགས་སྲུང་སྐྱོབ་བྱེད་པ་དང་དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་ནུས་པ་གལ་ཆེན་བཏོན། ཁེ་ལས་འབྲིང་ཆུང་དང་སྒེར་གཉིས་བཟོ་ཚོང་ཁྱིམ་ཚང་གིས་དངུལ་བསྡུ་དཀའ་བའི་གནད་དོན་ཐག་བཅད་པ་དང་། ཚོང་རའི་གཙོ་གཞི་འགན་སྲུང་བྱས་ནས་ལས་ཞུགས་བརྟན་འཇགས་དང་དམངས་ཚིས་ལེགས་བཅོས་བྱས།  དེ་དང་མཉམ་དུ་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྣམ་པ་བཀོལ་སྤྱོད་བྱས་ཏེ། དངུལ་རྩའི་ཚོང་རའི་རྒྱུན་ལྡན་མིན་པའི་ཉེན་ཁར་ནུས་ལྡན་སྒོས་དོགས་ཟོན་བྱེད་པ་དང་། དུས་ཐོག་ཏུ་བརྟན་བརླིང་དང་ལུགས་མཐུན་སྒོས་དངུལ་རྩ་སྒྲིག་གཞི་འབྲིང་ཆུང་སོགས་ཀྱི་ཉེན་ཁ་ཐག་བཅད་ནས། ཁོངས་གཏོགས་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་གཏན་སྲུང་བྱས། གནས་པའི་གནད་དོན་གསལ་བོར་རྟོགས་དགོས་པ་དང་། དངུལ་རྩ་བརྟན་འཇགས་སྲུང་སྐྱོབ་དང་ཉེན་ཁར་དོགས་ཟོན་བྱེད་རྒྱུ་སྔར་བཞིན་ཡུན་རིང་དང་དཀའ་ཚེགས་ཆེ་བའི་ལས་འགན་ཡིན་པ་སྨོས་མ་དགོས།

ལིས་ཁི་ཆང་གིས་གསུང་རྒྱུར། དངུལ་རྩ་ཁོངས་གཏོགས་ཀྱིས་མུ་མཐུད་དུ་དཔལ་འབྱོར་བརྟན་འཇགས་ཀྱི་སྲིད་ཇུས་རབ་དང་རིམ་པ་དང་རྒྱུན་མཐུད་བྱེད་ཐབས་དངོས་འབེབས་བཟང་བོ་བྱས་ཏེ། དངུལ་རྩས་ནང་མཁོ་རྒྱ་བསྐྱེད་་པ་དང་སྒྲིག་གཞི་ལེགས་སྒྱུར་བྱེད་པར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་དང་ཁེ་ལས་འབྲིང་ཆུང་གི་དངུལ་བསྡུའི་ཁོར་ཡུག་ལེགས་བཅོས་བྱེད་དགོས་ལ། དངུལ་རྩའི་ཉེན་ཁར་དོགས་ཟོན་དང་ཞི་འཇགས་སུ་བཏང་ནས། མི་དམངས་ཤོག་སྒོར་གྱི་འཛའ་ཕྱོད་དེ་ལུགས་མཐུན་དོ་མཉམ་གྱི་ཆུ་ཚད་སྟེང་དུ་གཞི་རྩའི་བརྟན་འཇགས་ཡོང་བ་སྲུང་འཛིན་བྱེད་དགོས།

ལིའུ་ཧི་དང་ཧི་ལིས་ཧྥིན་གཉིས་ཀ་བཞུགས་མོལ་ཚོགས་འདུར་ཞུགས།

                                                                                                     བཀྲ་ཤིས་འབུམ་གྱིས་བསྒྱུར།