ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས།
2023.02.01 ཁུངས། ཀློག་གྲངས། 29

ཟླ་དང་པོའི་ཚེས་སུམ་ཅུ་ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ཏེ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ནས། འབྲེལ་ཡོད་བྱ་བར་བཀོད་སྒྲིག་དང་ཞིབ་འཇུག་བྱས།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལོ་སར་ལྷན་འཛོམས་ཚོགས་འདུའི་སྟེང་དང་། བརྙན་ལམ་བརྒྱུད་ནས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་མཛད་སྐབས། དམག་འཐབ་གྲ་སྒྲིག་བྱ་བར་ཞིབ་བཤེར་དང་འཚམས་འདྲི་མཛད་སྐབས་བཅས་ཀྱི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་།  ལ་ཏེན་མེ་གླིང་དང་ཅ་ལི་པི་རྒྱལ་ཁབ་ཐུན་མོང་ཚོགས་པའི་རྩེ་ཚོགས་སྐབས་བདུན་པར་བརྙན་ལམ་ནས་ཕུལ་བའི་ཤིས་ཚིག་གི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་སྨོན་འདུན། མངགས་བཅོལ་བཅས་ཀྱིས་བརྩོན་སེམས་བསྐྱེད་པར་བྱེད་ལ། ཡར་སྐུལ་གྱི་ནུས་པ་དྲག་པོ་ལྡན། དེས་ཏང་ཡོངས་དང་དམག་ཡོངས། རིགས་སོ་སོའི་མི་དམངས་བཅས་ཀྱིས་ངར་ཤུགས་ཆེན་པོས་སྐྱོད་ལམ་གསར་པའི་སྟེང་བསྐྱོད་ནས། མཛེས་སྡུག་གི་མ་འོངས་པ་གསར་སྐྲུན་བྱེད་པར་སྒུལ་ནུས་གསར་པ་བསྩལ་ཡོད་པས། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་དང་བསླབ་བྱ་ཡིད་ལ་བརྟན་པོར་ཉར་ནས། དངོས་སྒྲུབ་ཀྱི་ངར་ཤུགས་ལ་བརྟེན་ནས་ལས་དོན་སྒྲུབ་པའི་མགོ་བཟང་བོ་ཞིག་རྩོམ་པ་དང་། བརྩེ་བ་རྣལ་མས་དམངས་ཚིས་ལ་འགན་སྲུང་དང་ལེགས་སྒྱུར་བྱེད་པ། སྒོ་འབྱེད་རྒྱ་སྐྱེད་ལ་བརྟེན་ནས་མཉམ་ལས་གཉིས་རྒྱལ་གྱི་བར་སྟོང་རྒྱ་ཇེ་ཆེར་གཏོང་བ། དམག་སྲིད་དམག་དམངས་ཀྱི་མཐུན་སྒྲིལ་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ་བཅས་བྱས་ཏེ། རྒྱང་སྐྱོད་གསར་བའི་མགོ་ལེགས་པོ་ཞིག་རྩོམ་པར་འབད་པ་བྱེད་དགོས།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་གྲོས་ཚོགས་སྟེང་གི་གསུངས་བཤད་གལ་ཆེན་དང་ཀྲུང་དབྱང་གི་བསྒྲགས་ཡིག་གི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་རྗེས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས་ནས། ཏང་ཡོངས་ལ་མིག་དཔེ་བསྟན་ཞིང་ཚད་ཤིང་བཙུགས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱས་ཏེ། ཚད་གཞི་དང་འཆར་གཞི་ལྟར་དགོངས་དོན་གྱི་ངོ་བོ་དང་ལག་ལེན་གྱི་རེ་བར་གོ་བ་ཡང་དག་ལེན་དགོས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་སྲུང་སྐྱོབ་བྱས་ནས། སྔར་ལས་རང་རྟོགས་སྒོས་བྱ་སྤྱོད་ངོ་མར་བརྟེན་ནས་གཏན་ཕབ་གཉིས་ལ་སྲུང་སྐྱོབ་དང་སྲུང་སྐྱོང་གཉིས་ལེགས་པར་སྒྲུབ་སྟེ། ཏང་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་གཏིང་ཟབ་བྱེད་དགོས། ཚད་གཞི་དང་འཆར་གཞི་ལྟར་ལས་ཁུར་འགན་ནུས་སྔར་ལས་མཐོར་འདེགས་སུ་བཏང་ནས། ཧུར་ཐག་གིས་སྒྲུབ་འགན་འཁུར་བ་དང་། མ་ལག་བསམ་བློ་ཇེ་དྲག་ཏུ་གཏོང་བ། སྤྱོད་ཚུལ་ལེགས་པོ་དར་སྤེལ་བྱེད་པ། སྤྱོད་གཙང་ཡུན་རིང་རྒྱུད་ལ་ཉར་བ་བཅས་བྱེད་དགོས། ཚད་གཞི་དང་འཆར་གཞི་ལྟར་རེ་བ་ཇེ་མཐོར་བཏང་ནས་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་དམངས་གཙོ་འཚོ་བའི་གྲོས་ཚོགས་གཟབ་ནན་གྱིས་བསྡུས་ཏེ། འབུར་ཐོན་གནད་དོན་གཟབ་ནན་གྱིས་བཙལ་བ་དང་། ཏང་གཤིས་ཐད་ཞིབ་ཕྲའི་དབྱེ་ཞིབ་བྱེད་པ་དང་། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པའི་བྱ་བ་གཟབ་ནན་གྱིས་སྤེལ་བ། གནད་དོན་ལ་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་བྱས་ཏེ། མཐུན་སྒྲིལ་གྱི་ནུས་པ་དང་འཐབ་རྩོད་ཀྱི་ནུས་པ། སེམས་ཁ་ཕྱོགས་པའི་ནུས་པ་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས། 

གྲོས་ཚོགས་སྟེང་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།