ཟླ་དང་པོའི་ཚེས་སོ་གཅིག་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས་པར་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྣེ་ཁྲིད་དུ་བྱས་ཏེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་བཀོད་སྒྲིག་ལྟར། ཏན་ཏན་ཏིག་ཏིག་དང་མཐུན་སྒྲིལ་གཅིག་གྱུར་བྱས་ནས། ཧུར་ཐག་གིས་མཚོ་བྱང་གི་དེང་རབས་ཅན་འཛུགས་སྐྲུན་གྱི་སྐྱོད་ལམ་གསར་པ་འབྱེད་དགོས།
2021ལོའི་ཟླ་དྲུག་པའི་ཚེས་བརྒྱད་ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་ཞིང་གི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་གཟིགས་ཞིབ་མཛད་སྐབས་ཀྱི་ཞབས་རྗེས་བསྙེགས་ནས། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་རྐང་ཚ་རྫོང་ཁེ་རོམ་ཐང་ལ་སོང་ནས་མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཕྱིར་དྲན་བྱས་ལ། མུ་རི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན། མཚོ་སྔོན་པོའི་མཐའ་སྐོར་གྱི་ཡུལ་སྐོར་ཚོང་ར་ཚད་ལྡན་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་ལ་ཉན་རྗེས་བསྟན་དོན། ད་ལོ་ནི་མུ་རི་གཏེར་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལོ་གསུམ་གྱི་འགུལ་སྐྱོད་མཇུག་བསྡུ་བའི་ལོ་ཡིན་པས། རང་བྱུང་ཁམས་དང་བསྟུན་པ་དང་ཆོས་ཉིད་ལ་བརྩི་མཐོང་བྱེད་པ། ཟླ་ལྟར་བཀོད་གཏོང་བྱེད་པ་དང་མྱུར་དུ་བྱེད་ཐབས་སྤྱད་ནས། རྗེས་མཐུད་ཡུན་ཕན་གྱི་དོ་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། དོ་དམ་སྒྲིག་གཞི་ལེགས་སྒྲིག་བྱས་ཏེ་སྟོབས་ཤུགས་སྔར་ལས་ཆེན་པོས་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་བསྣན་ནས། ཚད་གཞི་མཐོ་བའི་སྒོ་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་དགོས། ཁྲིད་འགོག་ཟུང་འབྲེལ་བྱས་ནས་ཡུལ་སྐོར་ཁོར་ཡུག་འཛུགས་སྐྲུན་བྱེད་རྒྱུ་དེ་ཡུལ་སྐོར་འཆར་འགོད་དང་ཟུང་འབྲེལ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་ཡུལ་སྐོར་པར་ཞབས་འདེགས་ཞུ་བ། མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བ་བཅས་ཕན་ཚུན་སྦྲེལ་མཐུད་བྱས་ཏེ། མཚོ་སྔོན་པོའི་སྣང་བརྙན་གསར་བ་མངོན་པར་བྱེད་དགོས། དེའི་རྗེས་སུ། ཁྲིན་ཀང་དང་ཝུའུ་ཞའོ་ཅིན་གཉིས་དཀོན་ལོ་གོང་མ་སྡེ་བ་རུ་སོང་ནས། གྲོང་གསེབ་དར་སྤེལ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་ནན་གྱིས་བསྟན་དོན། ཆབ་སྲིད་སྟེང་རྒྱབ་བརྟེན་ཆོག་པ་དང་སྡེ་བ་རུ་སྙན་གྲགས་ལྡན་པ། དྲང་ཕྱོགས་ཀྱི་ནུས་པ་ལྡན་པའི་སྡེ་བའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་མི་སྣ་བདམས་ནས། མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་ཕྱུག་པོར་བསྒྱུར་བར་སྣེ་ཁྲིད་བྱེད་དགོས། སྡེ་མི་བསོད་ནམས་ཚེ་རིང་ཚང་དུ། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཁོ་ཚང་གི་བཟའ་མི་གང་བོ་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་ཞིབ་མཛད་སྐབས་ཀྱི་རྣམ་པར་ཕྱིར་དྲན་བྱས་ནས་བསྟན་དོན། འཚོ་བ་བཟང་བོ་ནི་འབད་བརྩོན་ལ་བརྟེན་ནས་བསྐྲུན་པ་ལས་སྒུག་ནས་ཡོང་བ་ཞིག་མིན་པས། རྫོང་དང་ཡུལ་ཚོའི་ལས་བྱེད་པས་རིགས་སོ་སོའི་མང་ཚོགས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ས་ཆ་རང་གི་གནས་ཚུལ་དངོས་ལ་བརྟེན་ནས་ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་དང་གནས་སྐོར་ཐོན་ལས་སོགས་འཕེལ་རྒྱས་སུ་གཏོང་བ། རྨང་གཞིའི་སློབ་གསོ་བཟང་བོར་བསྒྲུབ་པ། རོང་འབྲོག་ཁུལ་གྱི་རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་སྒྲུབ་ནས། མང་ཚོགས་ཀྱི་འཚོ་བ་སྔར་ལས་བཟང་བར་བྱེད་དགོས་ཞེས་བསྟན། ཧེ་ཡན་རྫོང221རྟེན་གཞིའི་ཡན་ལག་གནས་གཞི་བདུན་པའི་གནས་རྙིང་དང་མཚོ་སྔོན་ཉིང་རྡུལ་མཁར་གྲོང་རྗེས་དྲན་ཁང་དུ། ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་རྟེན་གཞིའི་གནས་རྙིང་སྲུང་སྐྱོབ་དང་དོ་དམ་བེད་སྤྱོད། གསར་བརྗེའི་རིག་གནས་ཞིབ་སློབ་བཀོལ་གསུམ་གྱི་གནས་ཚུལ་བཅས་ལ་རྒྱུས་ལོན་གསལ་བོ་བྱས་ནས་བསྟན་དོན། མདེལ་གཉིས་སྐར་གཅིག་སྙིང་སྟོབས་ནི་ཀྲུང་ཧྭ་མི་རིགས་ཀྱི་རྩ་ཆེ་བའི་བསམ་པའི་རྒྱུ་ནོར་ཡིན་པས། རྟེན་གཞིའི་གནས་རྙིང་སྲུང་སྐྱོབ་བེད་སྤྱོད་དང་རྒྱལ་གཅེས་རིང་ལུགས་ཀྱི་རྟེན་གཞི་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ནས། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་མི་རབས་ནས་མི་རབས་བར་དུ་འཛིན་སྤེལ་བྱེད་དགོས།
བཞུགས་མོལ་ཚོགས་འདུའི་སྟེང་། མཚོ་བྱང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་ཉན་རྗེས། ཁྲིན་ཀང་གིས་ཉེ་བའི་ལོ་འགའི་རིང་མཚོ་བྱང་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་སུ་གཏོང་བའི་བྱ་བ་སྣ་ཚོགས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། མཚོ་བྱང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་གཟིགས་ཞིབ་མཛད་པའི་ས་ཆ་ཡིན་པས། ངེས་པར་དུ་དངོས་གཉེར་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་གཟིགས་སྐྱོང་དང་རེ་བར་དྲིན་ལན་འཇལ་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་། རང་རྟོགས་སྒོས་བསམ་བློ་དང་བྱ་སྤྱོད་གཉིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་སྟེང་གཅིག་གྱུར་བྱེད་པ། རྒྱལ་དོན་ཆེན་པོ་ཡིད་ལ་དམ་པོར་འཛིན་པ་དང་འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱེད་པ། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ། གཅིག་ཤེས་ཀུན་གྲོལ་གྱིས་འབུར་ཐོན་གནད་དོན་ཐག་གཅོད་པ། ཆོད་སེམས་སྔར་ལས་བརྟན་པོ་དང་བྱེད་ཐབས་སྔར་ལས་བཟང་བོ། ཁག་ཁུར་སྔར་ལས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཀྱི་དྲི་བར་ལན་འདེབས་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བ། གོ་དོན་གཏིང་ཟབ་ཏུ་གཏོང་བ་དང་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། བྱེད་ཐབས་གསར་གཏོད་བྱེད་པ། མི་རིགས་མཐུན་སྒྲིལ་གྱི་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་བསྲེས་ལ་སྐུལ་འདེད་བཏང་སྟེ། རིགས་སོ་སོའི་མང་ཚོགས་ཀྱི་མཐུན་སྒྲིལ་དམ་ཟབ་བྱེད་པར་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྣེ་ཁྲིད་ཐོན་ལས་དང་སྣེ་ཁྲིད་ཁེ་ལས། སྣེ་ཁྲིད་ལས་གཞི་སྐྱེད་སྲིང་བྱེད་པ་དང་དར་སྤེལ་བཏང་ནས། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་འཛུགས་སྐྲུན་བྱེད་དགོས། གསར་བརྗེའི་གནས་སྐོར་ཐོན་ཁུངས་སྔོག་འདོན་བྱེད་པ་དང་། སྐྱེ་ཁམས་གནས་སྐོར་ཐད་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱེད་པ། ཚོང་ར་བཀོལ་སྤྱོད་བཟང་བོ་བྱས་ཏེ། ཁོངས་ཡོངས་གནས་སྐོར་འཕེལ་རྒྱས་དེ་ཆུ་ཚད་སྔར་ལས་མཐོན་པོ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། གནོད་འགོག་གནོད་སྐྱོབ་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། རང་བྱུང་གནོད་འཚེའི་ཉེན་ཁ་སྔོན་འགོག་བྱེད་པའི་ནུས་པ་མཐོར་འདེགས་སུ་གཏོང་དགོས། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཁུལ་གནས་དང་ཐོན་ཁུངས་ལ་རྐང་འཛུགས་པ། རོང་འབྲོག་དམངས་ཀྱི་གཙོ་གཞིའི་ནུས་པ་འདོན་སྤེལ་བྱས་ཏེ། ལས་ཞུགས་ཡོང་འཕར་དང་སློབ་གསོ་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་སོགས་བྱེད་པའི་ཐད་ནས་བྱེད་ཐབས་བཟང་བོ་འདོན་པ་དང་དཀའ་གནད་ཐག་གཅོད་དགོས། ལས་རིགས་སློབ་གསོ་དམ་འཛིན་བྱེད་པ་དང་། གྲོང་གསེབ་དར་སྤེལ་ཐད་རམ་འདེགས་བྱེད་ཐུབ་པའི་རང་ས་ཆའི་ལག་རྩལ་རྩལ་ནུས་ཀྱི་འཇོན་མི་སྐྱེད་སྲིང་བྱེད་དགོས། བསམ་པའི་མཐོ་གནས་འཛུགས་སྐྲུན་བྱེད་པ་དང་། རླབས་ཆེན་ཏང་འཛུགས་ཀྱི་དགོངས་པ་དར་སྤེལ་གཏོང་བ། ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ། ངེས་པར་དུ་གསུམ་ཡིད་ལ་དམ་པོར་འཛིན་པ། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་གསར་བརྗེའི་ཁྲག་རྒྱུད་རྒྱུན་འཛིན་བྱེད་པར་སྐུལ་སློང་གཏོང་བ། བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས། མཐུན་སྒྲིལ་འབད་འཐབ་སྒོས་དུས་རབས་གསར་བའི་རྒྱང་སྐྱོད་ཀྱི་ལམ་དུ་ཞུགས་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་དེར་ཤུགས་སྣོན་པ་དང་། ཏང་ཨུས་སྤྱི་ཡོངས་ལ་བཀོད་འདོམས་བྱེད་པ་དང་ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པའི་ནུས་པ་འདོན་སྤེལ་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བ། སྤྱོད་བསྲང་སྒྲིག་གཅུན་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་དང་དེའི་ལག་བསྟར་རྩ་གནད་ཞིབ་མོའི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ཏེ། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་ཁོར་ཡུག་བསྐྲུན་དགོས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། མཚོ་བྱང་གི་སྐྱེ་ཁམས་གོ་གནས་ཧ་ཅང་གལ་ཆེ་བ་དང་ལས་བྱེད་པའི་སྤྱོད་ཚུལ་བརྟན་བརླིང་ཤུགས་ལྡན་ཡིན་ལ། ཚུལ་སྒྱུར་འཕེལ་རྒྱས་ཀྱི་སྦས་ཤུགས་ཆེན་པོ་ལྡན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་ལེན་པ། རྒྱལ་ཁབ་ཀྱི་སྤྱི་གླིང་གཉིས་མཚོ་བྱང་གི་སྒོ་བྱང་མིང་གྲགས་ཅན་དུ་འགྱུར་བར་བྱེད་པ། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་ནས། མཉམ་དུ་སྐྱེ་ཁམས་མཛའ་མཐུན་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་དགོས། ཐོན་ལས་དར་སྤེལ་གཏོང་བ་དང་། བྱང་ལམ་གྱི་སྐྱེ་ཁམས་གནས་སྐོར་ཚོང་རྟགས་འཛུགས་སྐྲུན་བྱེད་པ། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ལས་ཐད་ནས་ཚད་འདེགས་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་བ། དག་གཙང་ནུས་ཁུངས་ཐོན་ལས་ཀྱི་ཕྱོགས་བསྡུས་ལོངས་སྤྱོད་དང་ཕྱིར་གཏོང་ལ་གཅིག་འདོམས་བྱས་ཏེ། ཐོན་ལས་ཚུལ་བསྒྱུར་རིམ་སྤོར་ཐད་ནས་མཆོང་བརྒལ་གསར་བ་མངོན་འགྱུར་བྱེད་དགོས། སྟོབས་ཤུགས་སྔར་ལས་ཆེན་པོས་གྲོང་གསེབ་དར་སྤེལ་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་དེ། ཞིང་ཕྱུགས་ལས་མ་ལག་དང་ཐོན་སྐྱེད་མ་ལག ཚོང་གཉེར་མ་ལག་གི་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། སྟོབས་ཤུགས་སྔར་ལས་ཆེན་པོས་དམངས་ཚིས་འགན་སྲུང་དང་ལེགས་བསྒྱུར་བྱེད་པ་དང་། ལས་ཞུགས་ཤོང་ཚད་རྒྱ་སྐྱེད་པ། གཞི་རྩའི་སྤྱི་ཐུན་ཞབས་ཞུ་ཆུ་ཚད་མཐོར་འདེགས་གཏོང་བ། གནོད་འགོག་གནོད་སྐྱོབ་བྱ་བ་བཟང་བོར་བསྒྲུབ་པ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་བཅད་དེ། མཚོ་བྱང་གི་བྱ་བ་སྣ་ཚོགས་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས།
ཀྲུའུ་ཞང་ཧྥིན་རྟོག་ཞིབ་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།