ཟླ་དང་པོའི་ཚེས་སོ་གཅིག་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མྱུར་དུ་གསར་སྐྲུན་བྱེད་པའི་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་གཉིས་པ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུན་མོང་གི་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་བསྟན་དོན། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མྱུར་དུ་གསར་སྐྲུན་བྱེད་པ་ནི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པར་རྐང་བཙུགས་ནས་གཏན་འཁེལ་བྱས་པའི་འཐབ་ཇུས་ཇུས་ཆོད་ཡིན་པ་དང་། མ་འོངས་པའི་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་ཁོང་དུ་ཆུད་པར་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ཡིན། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མྱུར་དུ་གསར་སྐྲུན་བྱས་ན་ད་གཟོད་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་ཐུབ་པ་དང་འཕེལ་རྒྱས་ཀྱི་བདེ་འཇགས་རང་བཞིན་དང་བརྟན་འཇགས་རང་བཞིན་ཇེ་དྲག་ཏུ་གཏོང་ཐུབ་པར་མ་ཟད་ད་གཟོད་སྔོན་མཐོང་བྱེད་ཐུབ་པ་དང་སྔོན་མཐོང་བྱེད་དཀའ་བའི་ཛ་དྲག་གནས་བབ་ཁྲོད་དུ་རང་རྒྱལ་གྱི་འཚོ་གནས་ནུས་ཤུགས་དང་འགྲན་རྩོད་ནུས་ཤུགས། འཕེལ་རྒྱས་ནུས་ཤུགས། རྒྱུན་མཐུད་ནུས་ཤུགས་བཅས་ཇེ་ཆེར་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འཕེལ་རིམ་ཐད་འགོར་འགྱངས་མི་བྱེད་པ་དང་ཐ་ན་མཚམས་མི་ཆད་པར་འགན་སྲུང་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་སྟོབས་ལྡན་རྒྱལ་ཁབ་ཀྱི་དམིགས་འབེན་རྒྱལ་ཁའི་ངང་མངོན་འགྱུར་བྱེད་ཐུབ་ཟེར།
ཐེངས་འདིའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་གི་སློབ་སྦྱོང་སྟེང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱིས་རང་སློབ་བྱས་པར་མ་ཟད་བྱ་བའི་མྱོང་ཚོར་བརྗེ་རེས་བྱས་ཤིང་། བློ་མཐུན་དབྱི་ལེ་དང་ལིའུ་གོ་ཀྲུང་། ཧི་ལིས་ཧྥིན། ཀྲང་གོ་ཆིན། ཁྲིན་ཅི་ཉིང་། ཧོང་ཁུན་མེན་བཅས་ཀྱིས་རང་འགན་འཁུར་བའི་ཁྱབ་ཁོངས་དང་ས་གནས་ཀྱི་བྱ་བ་དང་ཟུང་འབྲེལ་བྱས་ཏེ་གཏམ་བཤད་པ་དང་ཚང་མས་བསམ་བློ་བརྗེ་རེས་བྱས།
ཞི་ཅིན་ཕིང་གིས་ཐུན་མོང་གི་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་རྒྱུ་ཏན་ཏན་ཏིག་ཏིག་སྒོས་ལག་བསྟར་བྱས་ནས་ཕན་འབྲས་ཁ་ཤས་བླངས་ཤིང་། བསམ་བློའི་ཐུན་མོང་ལྟ་ཚུལ་མུ་མཐུད་དུ་གཅིག་སྡུད་བྱས་པ་དང་བྱ་བའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་སོང་ལ། སྲིད་ཇུས་དང་ལམ་ལུགས་སྔར་ལས་འཐུས་ཚང་དུ་གྱུར་ཡོད། ཡིན་ནའང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་ལས་འགན་ཧ་ཅང་ལྗིད། གནད་དོན་ཁྲིད་ཕྱོགས་དང་ཁོངས་གཏོགས་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མྱུར་དུ་སྐྲུན་པར་ཚོད་འཛིན་བྱེད་པའི་འགལ་བ་དང་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པ་དང་། ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་དགོས་ལ། ལག་ལེན་གསར་སྐྲུན་དང་ལམ་ལུགས་གསར་སྐྲུན་ལ་སྐུལ་འདེད་བཏང་ནས་མུ་མཐུད་དུ་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་ཞན་ཆ་ཁ་གསབ་བྱེད་པ། མི་འདང་ས་ལེགས་སྒྱུར་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ནང་མཁོ་རྒྱ་བསྐྱེད་པར་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ། དགོས་མཁོ་ཡིས་མཁོ་འདོན་ལ་སྣེ་ཁྲིད་པ་དང་མཁོ་འདོན་གྱིས་དགོས་མཁོ་གསར་སྐྲུན་བྱེད་པའི་ཆུ་ཚད་མཐོ་བའི་འགུལ་རྣམ་དོ་མཉམ་པར་བྱེད་པ་དང་། རྒྱལ་དམངས་དཔལ་འབྱོར་གྱི་འཁོར་རྒྱུག་བཟང་བོ་མངོན་འགྱུར་བྱེད་དགོས། བློ་ཐག་རྦད་ཆོད་སྒོས་ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་འཆར་འགོད་རྩ་གནད་ལག་བསྟར་དང་དངོས་འབེབས་བྱས་ཏེ། ནང་མཁོའི་མ་ལག་མྱུར་དུ་འཐུས་ཚང་ཡོང་བར་བྱེད་པ་དང་། ཡོང་སྒོས་རོགས་འདེགས་བྱེད་པའི་འཛད་སྤྱོད་དགོས་མཁོ་དང་ལུགས་མཐུན་སྒོས་དྲིན་གཟོ་བའི་དངུལ་གཏོང་དགོས་མཁོ། མ་དངུལ་ཡོད་པ་དང་བུ་ལོན་གྱིས་ཚོད་འཛིན་པའི་དངུལ་རྩའི་དགོས་མཁོ་ནུས་ལྡན་སྒོས་རྒྱ་བསྐྱེད་དགོས། སྡོད་དམངས་ཀྱི་འཛད་སྤྱོད་རྒྱ་བསྐྱེད་པའི་ཡུན་རིང་ནུས་ལྡན་གྱི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། སྡོད་དམངས་ལ་བརྟན་འཇགས་ཡོང་སྒོ་ཡོད་ན་འཛད་སྤྱོད་བྱེད་ཐུབ་པ་དང་སེམས་ཁྲལ་མེད་ན་འཛད་སྤྱོད་བྱེད་ཕོད་པ། འཛད་སྤྱོད་ཁོར་ཡུག་ལེགས་ན་འཛད་སྤྱོད་བྱེད་འདོད་པར་བྱེད་དགོས། དངུལ་གཏོང་རྒྱ་བསྐྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་ནུས་ལྡན་དངུལ་གཏོང་བར་སྟོང་རྒྱ་བསྐྱེད་དགོས་ལ། ཚད་མཐུན་སྔ་སྣུར་སྒོས་རྣམ་པ་གསར་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པར་བཀོད་སྒྲིག་བྱེད་པ་དང་། ལག་རྩལ་མཐོ་བའི་ཐོན་ལས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་དངུལ་གཏོང་རྒྱ་བསྐྱེད་ནས། རྒྱུན་མཐུད་སྒོས་དམངས་ཁྲོད་དངུལ་གཏོང་གསོན་ཤུགས་ཇེ་ཆེར་གཏོང་དགོས། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་མུ་མཐུད་དུ་ཟབ་སྤེལ་བྱེད་པ་དང་། རྒྱུན་མཐུད་སྒོས་ཚན་རྩལ་གསར་སྐྲུན་དང་ལམ་ལུགས་གསར་སྐྲུན་ལ་སྐུལ་འདེད་བཏང་སྟེ། མཁོ་འདོན་ཚོད་འཛིན་བྱེད་ས་དང་འགོག་ས། ཞན་ཆ་བཅས་གཙང་སེལ་བྱེད་པ་དང་། ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་གྱི་འགྲན་རྩོད་ནུས་ཤུགས་དང་བདེ་འཇགས་རང་བཞིན་ཇེ་དྲག་ཏུ་གཏོང་བར་མ་ཟད། སྤུས་ཚད་མཐོ་བའི་མཁོ་འདོན་ལ་བརྟེན་ནས་ད་ཡོད་ཀྱི་དགོས་མཁོ་སྐོང་བ་དང་དགོས་མཁོ་གསར་བ་གསར་སྐྲུན་དང་སྣེ་ཁྲིད་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། འཕེལ་རྒྱས་ཀྱི་རྣམ་པ་གསར་བས་དེང་རབས་ཅན་གྱི་ཐོན་ལས་མ་ལག་རྨང་གཞི་བྱས་ཏེ། དཔལ་འབྱོར་འཁོར་རྒྱུག་གེགས་མེད་ཡོང་བར་ཐོན་ལས་སོ་སོ་གོ་རིམ་ལྡན་པར་སྦྲེལ་མཐུད་བྱེད་པ་དང་ནུས་མཐོ་གེགས་མེད་ཡོང་བར་བྱེད་དགོས། འཕེལ་རྒྱས་དཔལ་འབྱོར་གྱི་ཤུགས་འདོན་ས་དེ་མུ་མཐུད་དུ་དངོས་ཕུང་དཔལ་འབྱོར་ཐད་བཞག་སྟེ། ཏན་ཏིག་སྒོས་རྣམ་པ་གསར་བའི་བཟོ་ལས་ཅན་ལ་སྐུལ་འདེད་གཏོང་བ་དང་། གསར་སྐྲུན་སྟོབས་ལྡན་རྒྱལ་ཁབ་དང་སྤུས་ཚད་སྟོབས་ལྡན་རྒྱལ་ཁབ། དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ། གྲངས་ཀའི་ཀྲུང་གོ་མྱུར་དུ་འཛུགས་སྐྲུན་བྱས་ནས། རྒྱལ་སྤྱིའི་སྟེང་འགྲན་ཤུགས་ཆེ་བའི་གྲངས་ཀའི་ཐོན་ལས་ཚོགས་པ་གསར་སྐྲུན་བྱེད་དགོས། ཐོན་ལས་འཕེལ་རྒྱས་ཀྱི་གནས་བབ་ཆེན་པོ་དང་བསྟུན་ནས། ཞན་ཆའི་ཐོན་ལས་ཕྲེང་འབྲེལ་ཁ་གསབ་དང་ཁྱད་སྟོབས་ཐོན་ལས་ཕྲེང་འབྲེལ་རྒྱུན་བསྲིང་བར་སྐུལ་འདེད་གཏོང་བ་དང་། སྲོལ་རྒྱུན་ཐོན་ལས་ཕྲེང་འབྲེལ་མཐོར་འདེགས་སུ་གཏོང་བ་དང་གསར་དར་ཐོན་ལས་ཕྲེང་འབྲེལ་འཛུགས་སྐྲུན་བྱས་ནས། ཐོན་ལས་འཕེལ་རྒྱས་ཀྱི་རྒྱུན་མཐུད་རང་བཞིན་དང་འགྲན་རྩོད་ནུས་ཤུགས་ཇེ་ཆེར་གཏོང་དགོས། ཐོན་སྐྱེད་ནུས་ཤུགས་བཀོད་སྒྲིག་ལེགས་སྒྱུར་བྱེད་པ་དང་། ཐོན་ལས་གཙོ་བོ་དེ་རྒྱལ་ཁབ་ཕྱི་ནང་དུ་གོ་རིམ་ལྡན་པར་སྤོ་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས་ལ། ཁེ་ལས་འཛམ་གླིང་ཡོངས་ཀྱི་ཐོན་ལས་ལས་བགོ་དང་མཉམ་ལས་ཁྲོད་ཞུགས་པར་རྒྱབ་སྐྱོར་བྱེད་པ་དང་། ཕྱི་ནང་ཐོན་ལས་མཉམ་བསྲེས་བཟང་བོ་བྱེད་པར་སྐུལ་འདེད་བཏང་ནས། རང་བདག་ཚོད་འཛིན་དང་བདེ་འཇགས་ཡིད་རྟོན། འགྲན་རྩོད་ནུས་ཤུགས་ཆེ་བའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གསར་སྐྲུན་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། གྲོང་གསེབ་དང་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོའི་ཁེབས་རྒྱ་ཇེ་ཆེར་གཏོང་དགོས། གྲོང་གསེབ་ནི་འཛད་སྤྱོད་ཚོང་ར་དང་རྒྱུ་རྐྱེན་ཚོང་ར་ཡིན་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རྫོང་མཁར་གཙོ་གཞི་ཡིན་པའི་མཁར་གྲོང་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་དཔལ་འབྱོར་འབྲེལ་འདྲིས་ནུས་པ་ཇེ་ཆེར་བཏང་ནས་གྲོང་གསེབ་དཔལ་འབྱོར་གྱི་འཁོར་རྒྱུག་གེགས་མེད་ཡོང་བར་བྱེད་དགོས། ས་གནས་སོ་སོས་རང་སྟེང་གི་འཁོར་རྒྱུག་ཆུང་བ་གཉེར་བ་གཏན་འགོག་བྱེད་པ་དང་། ཁུལ་ཁོངས་མཁར་རྫོང་གཙང་སེལ་བྱས་ནས། རྒྱལ་ཡོངས་སུ་གཅིག་གྱུར་ཡིན་པའི་ཚོང་ར་ཆེན་པོ་ཆགས་པར་བྱེད་དགོས། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་འཐབ་ཇུས་དང་ཁུལ་ཁོངས་འཐབ་ཇུས་གལ་ཆེན། གཙོ་གཞིའི་ནུས་ཁུལ་འཐབ་ཇུས་སོགས་མཉམ་བསྲེས་བཟང་བོ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གཙོ་བོའི་བཀོད་སྒྲིག་ལེགས་སྒྱུར་བྱེད་པ། རིགས་སོ་སོའི་རྒྱུ་རྐྱེན་ལུགས་མཐུན་སྒོས་འཁོར་སྐྱོད་དང་ནུས་མཐོའི་གཅིག་སྡུད་བྱེད་པར་སྐུལ་འདེད་བཏང་ནས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གེགས་མེད་ཡོང་བར་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བཅོས་སྒྱུར་སྒོ་འབྱེད་སྔར་ལས་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་ཕྱི་ནང་གི་འཁོར་རྒྱུག་ཆེན་པོའི་སྒུལ་ཤུགས་དང་གསོན་ཤུགས་ཇེ་ཆེར་གཏོང་དགོས། རྒྱུ་རྐྱེན་ཚོང་ར་ཅན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། ཚད་གཞི་མཐོ་བའི་ཚོང་རའི་མ་ལག་འཛུགས་སྐྲུན་བྱས་ཏེ། རྒྱལ་ཡོངས་སུ་གཅིག་གྱུར་ཡིན་པའི་ཚོང་ར་ཆེན་པོ་མྱུར་དུ་གསར་སྐྲུན་བྱེད་དགོས། ཐོན་དབང་སྲུང་སྐྱོབ་དང་ཚོང་རར་ཞུགས་པ། འདྲ་མཉམ་འགྲན་རྩོད། སྤྱི་ཚོགས་ཡིད་རྟོན་སོགས་ཚོང་རའི་དཔལ་འབྱོར་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། སྒེར་སྡོམ་ལ་ངོ་རྒོལ་དང་ལུགས་མཐུན་མིན་པའི་འགྲན་རྩོད་ལ་ངོ་རྒོལ་བྱེད་པར་ཤུགས་སྣོན་པ་དང་། ཁྲིམས་ལྟར་མ་རྩའི་བདེ་ཐང་འཕེལ་རྒྱས་ཚད་ལྡན་དུ་གཏོང་བར་སྣེ་ཁྲིད་བྱས་ནས། རིགས་སོ་སོའི་བདག་གཉེར་གཙོ་གཞིའི་དངུལ་གཏོང་ལས་སྤེལ་ལ་ཁོར་ཡུག་བཟང་བོ་བསྐྲུན་པ་དང་། རིགས་སོ་སོའི་བདག་གཉེར་གཙོ་གཞིའི་གསོན་ཤུགས་ཇེ་ཆེར་གཏོང་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། བརྟན་བརླིང་སྒོས་སྒྲིག་སྲོལ་དང་སྒྲིག་ལམ། དོ་དམ། ཚད་གཞི་སོགས་ལམ་ལུགས་རང་བཞིན་གྱི་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་འཁོར་རྒྱུག་ཆེན་པོའི་ཁྲོད་ཀྱི་གཏམ་བརྗོད་དབང་ཆ་ཇེ་ཆེར་གཏོང་དགོས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཧུར་ཐག་སྒོས་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་སྲོལ་གླེང་མོལ་ཁྲོད་ཞུགས་དགོས་ལ། སྒོ་འབྱེད་དང་སྣ་མང་། བརྟན་འཇགས་བཅས་ཀྱི་འཛམ་གླིང་དཔལ་འབྱོར་སྒྲིག་ལམ་ཆགས་པར་སྐུལ་འདེད་བཏང་ནས། རྒྱལ་ནང་དང་རྒྱལ་སྤྱིའི་ཚོང་ར་གཉིས་དང་ཐོན་ཁུངས་གཉིས་ཀྱི་མཉམ་འབྲེལ་འཁོར་རྒྱུག་མངོན་འགྱུར་བྱེད་པར་ཆ་རྐྱེན་བསྐྲུན་དགོས།
བཀྲ་ཤིས་འབུམ་གྱིས་བསྒྱུར།