ཟླ་གཉིས་པའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐོ་ཡིས་ཟི་ལིང་གྲོང་ཁྱེར་གྱི་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྒྱུན་ལྡན་ལྟ་ཞིབ་ཐད་ཀྱི་ཡར་ཞུ་གནད་དོན་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་ལ་ལྟ་ཞིབ་མཛུབ་སྟོན་བྱེད་སྐབས་ནན་གྱིས་བསྟན་དོན། གནད་དོན་གཙོ་བོ་འབུར་དུ་ཐོན་པར་བྱེད་པ་དང་། གནད་གཅིག་གི་ཕྱོགས་ཡོངས་ཁྲིད་པ་དང་གཅིག་ཤེས་ཀུན་གྲོལ་བྱེད་པ། གནད་དོན་གྱི་འབྱུང་རྩར་དམ་དུ་དམིགས་ནས། མཐའ་གཅིག་ཏུ་དག་ཐེར་ལེགས་བཅོས་ནན་མོ་བྱེད་པ་དང་། ལྟ་ཞིབ་ཀྱི་རྗེས་མཐུད་བྱ་བ་བཟང་བོར་བསྒྲུབ་དགོས།
ལིའུ་ཐོ་སྔ་གཞུག་ཏུ་མཚོ་སྔོན་ཅིན་ཡོན་བཟོ་སྐྲུན་རྒྱུ་ཆ་ཚད་ཡོད་ཀུང་ཟི་དང་ཝན་ཁི་ཧྲི་ཏའེ་བཟོ་སྐྲུན་འཛུགས་སྐྲུན་ཡུལ་དངོས། ཙུང་ཀྲེ་གྲོང་རྡལ་ཙུང་ནན་སྡེ་བ། མཚོ་སྔོན་ཁྲུན་ཧྥ་ཚོང་རྫས་ཨར་འདམ་ཚད་ཡོད་ཀུང་ཟི། ཟི་ལིང་གྲོང་ཁྱེར་བཙོག་ཆུ་ཐག་གཅོད་བཟོ་གྲྭ་གསུམ་པ་བཅས་ལ་སོང་ནས། འཛིན་ཡིག་མེད་པར་ཁྲིམས་དང་འགལ་ནས་ཆུ་ལེན་པ་དང་དང་བཟོ་སྐྲུན་འཛུགས་སྐྲུན་ཡུལ་དངོས་ཀྱི་ས་རྡུལ་བཙོག་བཟོ་འགོག་བཅོས་བྱེད་ཐབས་ལག་བསྟར་བྱེད་ཚད་མི་འདང་བ། འཛུགས་སྐྲུན་གད་སྙིད་རང་དགར་བསྐྱར་བ། རྨོ་ཞིང་རང་དགར་དུ་སྤྱོད་པ། བཙོག་ཆུ་ཐག་གཅོད་ནུས་པ་མི་འདང་བ་སོགས་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་ལ་ཡུལ་དངོས་ལྟ་ཞིབ་བྱས། ཁོས་བསྟན་དོན། ཞིང་ཆེན་རིམ་པའི་ལྟ་ཞིབ་ནི་ཀྲུང་དབྱང་གི་ལྟ་ཞིབ་ཀྱི་རྒྱུན་བསྲིང་དང་ཁ་གསབ་ཡིན་པས། ཕྱོགས་གཅིག་དང་ཕྱོགས་ཡོངས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། བྱེད་ཐབས་ཇེ་ལེགས་སུ་གཏོང་བ། མཁྲེགས་གཏོར་བཟང་བོ་བྱེད་པ། མཉམ་དུ་ཞིང་ཆེན་ལྟེ་གནས་གྲོང་ཁྱེར་གྱི་ཁོར་ཡུག་སྤུས་ཚད་ལ་སྲུང་སྐྱོབ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ལིའུ་ཐོ་ཡིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་རེ་བ་དོན་འཁྱོལ་ནན་མོ་བྱེད་པ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ནས་ཡར་ཞུ་བྱས་པའི་གྲོས་གཞི་དག་ཐེར་ལེགས་བཅོས་བྱས་པའི་བྱེད་ཐབས་དང་ཉམས་མྱོང་ལ་དཔེ་ལྟ་བྱེད་པ། དག་ཐེར་ལེགས་བཅོས་ཀྱི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ནས། དམ་འཛིན་ལྷོད་མེད་བྱེད་དགོས། གྲོང་ཁྱེར་བཅོས་སྐྱོང་གི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ་དང་། མཁར་གྲོང་མཐུད་འབྲེལ་དང་ཁོར་ཡུག་བཅོས་སྐྱོང་ཐད་ཀྱི་དཀའ་གནད་ཁུལ་ཁོངས་དང་དོ་དམ་བྱེད་ཚད་མི་འདང་སར་དམ་དུ་དམིགས་ནས། གྲོང་ཁྱེར་གྱི་བཙོག་ཆུ་ཐག་གཅོད་ནུས་པ་མཐོར་འདེགས་གཏོང་བ་དང་། མང་ཚོགས་ཀྱི་ཉེ་འགྲམ་གྱི་ཁོར་ཡུག་གནད་དོན་ཐག་བཅད་དེ། མི་སྡོད་ཁོར་ཡུག་ལེགས་བསྒྱུར་བྱེད་དགོས། ལྟ་སྐུལ་ལམ་བུ་རྒྱ་སྐྱེད་པ་དང་། བཅོས་སྐྱོང་མ་དཔེ་གསར་སྐྲུན་བྱེད་པ། ཁོངས་གཏོགས་ས་ཆའི་སྡོད་དམངས་དང་དང་བླངས་པ། ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་སོགས་མི་ཚོགས་གྲོང་ཁྱེར་གྱི་ཁོར་ཡུག་བཅོས་སྐྱོང་ཁྲོད་ཞུགས་པར་སྐུལ་སློང་གཏོང་བ་དང་སྣེ་ཁྲིད་བྱས་ཏེ། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྒྲིལ་བའི་ཁྲོད་ཁོར་ཡུག་སྲུང་སྐྱོབ་བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས།
རིན་ཆེན་མཚོས་བསྒྱུར།