ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་བྱུང་བའི་ཐད་ནས་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨ་ཨར་ཝེ་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།
2023.02.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 94

ཟླ་གཉིས་པའི་ཚེས་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་བྱུང་བའི་ཐད་ནས་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨ་ཨར་ཝེ་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། ཕ་ཁི་སི་ཐན་རྒྱལ་ཁབ་ཀྱི་ཁེ་ཕུའུ་ཞིང་ཆེན་པེ་ཧྲ་བཱ་གྲོང་ཁྱེར་དུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་ནས། མི་སྣར་ཤི་རྨས་ཚབས་ཆེན་བཟོས།  ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་ཏེ་འདས་པོ་རྣམས་ལ་མྱ་ངན་ཞུས་པ་དང་རྨས་མ་དང་འདས་པོའི་ཁྱིམ་མི་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མཐའ་གཅིག་ཏུ་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། ཐེངས་འདིའི་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་བློ་རྩ་བརྟན་པོའི་སྒོ་ནས་ཕ་ཁི་སི་ཐན་གྱིས་རྒྱལ་ཁབ་ཀྱི་འཇིགས་སྐུལ་པར་ངོ་རྒོལ་བྱེད་པའི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ཏེ། སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོང་བྱེད་པ་དང་མང་ཚོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ངེས་ཡིན་པར་མ་ཟད། ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་འཇིགས་སྐུལ་པར་ངོ་རྒོལ་བྱེད་པར་མཉམ་ལས་བཟང་བོ་བྱས་ཏེ། ས་གནས་རང་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད།

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཚིས་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།

                                                                                                           བཀྲ་ཤིས་འབུམ་གྱིས་བསྒྱུར།