མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ་དང་ཚོང་འགུག་དངུལ་འདྲེན་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཟླ་གཉིས་པའི་ཚེས་གཅིག་ཉིན་བརྙན་རིས་ཀྱི་ལམ་ནས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་ལྟར། འགན་འཁྲི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་ཆེན་པོས་གོ་སྐབས་དམ་འཛིན་བྱེད་པ་དང་ཚད་ཇེ་མགྱོགས་སུ་གཏོང་བ། བཟོ་ལས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་བཟོ་སྐྲུན་ཆེན་པོ་དྲུག་དང་ཚོང་འགུག་དངུལ་འདྲེན་གྱི་འགུལ་སྐྱོད་ཆེན་པོ་དྲུག་དངོས་འབེབས་བྱེད་པ། བཟོ་ལས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་གསར་བ་འཇོག་དགོས།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། འདས་པའི་ལོ་གཅིག་ནང་། ཕྱི་ཕྱོགས་ཁོར་ཡུག་དང་ཞིང་ཆེན་ནང་ཁུལ་གྱི་རིམས་ནད་སོགས་སྔོན་དཔག་ལས་བརྒལ་བའི་གནོད་པའི་འོག ཞིང་ཆེན་གོང་འོག་ཡོངས་ཀྱིས་རིམས་ནད་འགོག་ཐུབ་པ་དང་དཔལ་འབྱོར་བརྟན་འཇགས་སུ་གཏོང་བ། འཕེལ་རྒྱས་ཐད་ནས་བདེ་འཇགས་ཡིན་པའི་རེ་བ་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། ཐོན་ལས་ཀྱི་སྣེ་ཁྲིད་དང་ལས་གཞི་ལ་སྐུལ་འདེད་གཏོང་བ། ཁེ་ལས་སྐྱེད་སྲིང་བྱེད་པ། ར་བའི་ཁུལ་གྱི་སྤུས་ཚད་མཐོར་འདེགས་གཏོང་བ། ལག་རྩལ་གསར་གཏོད་སོགས་གཙོ་གནད་ལས་འགན་ལག་བསྟར་བྱེད་པར་ཤུགས་བསྣན་པས། བཟོ་ལས་དཔལ་འབྱོར་མྱུར་དུ་འཕར་སྣོན་བྱུང་བ་དང་། ཐོན་ལས་གནས་བཞི་བརྟན་བརླིང་ངང་འཛུགས་སྐྲུན་བྱེད་འགོ་བརྩམས་ལ། གསར་གཏོད་ནུས་པ་མངོན་གསལ་སྒོས་ཇེ་དྲག་ཏུ་སོང་བ་དང་། ཚོང་འགུག་དངུལ་འདྲེན་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཤིང་། དཔལ་འབྱོར་བརྟན་འཇགས་སུ་གཏོང་བའི་ཐད་ནས་རྨང་རྡོའི་ནུས་པ་འདོན་སྤེལ་བྱས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་ལ་མཚོན་ནས་བཤད་ན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཡུལ་ས་གཙོ་བོ་བཟོ་ལས་ཕྱོགས་སུ་ཡོད་པ་དང་། གཙོ་གནད་དཀའ་གནད་དང་མཆོང་བརྒལ་བྱེད་ས་ཡང་བཟོ་ལས་སྟེང་ཡོད་པས། ལས་གཞི་འཛུགས་སྐྲུན་དེ་བཟོ་ལས་དམ་འཛིན་བྱེད་པའི་སྲོག་རྩ་རུ་བརྩི་བ་དང་། ལས་གཞི་འཆར་འགོད་དང་ཉར་གསོག་དམ་འཛིན་བྱེད་པ། གསལ་ཕྲ་དང་བསྟར་བསྒྲིགས་རི་མོ་འགོད་པ། རྒྱལ་དབང་ཁེ་ལས་དང་དམངས་གཉེར་ཁེ་ལས་མཉམ་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། ལས་གཞི་རྒྱ་སྐྱེད་པ་དང་ཕན་ཡོད་དངུལ་གཏོང་སྟེང་གྲུབ་འབྲས་གསར་བ་ལེན་དགོས། ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ་གཙིགས་སུ་འཛིན་པ་དང་། སྲོལ་རྒྱུན་ཐོན་ལས་མྱུར་དུ་བསྒྱུར་བཀོད་རིམ་སྤོར་བྱེད་པ། ཉི་འོད་ནུས་པ་དང་ལིས་གློག་སོགས་ལ་དམིགས་ནས་རིགས་གསར་ཐོན་ལས་སྐྱེད་སྲིང་བྱས་ནས། དེང་རབས་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་ལེན་དགོས། ར་བའི་ཁུལ་གྱི་འཆར་འགོད་དོ་དམ་ལ་ཤུགས་སྣོན་པ་དང་། རིག་སྟོབས་ར་བའི་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། ར་བའི་ཁུལ་གྱི་འདེགས་སྐྱོར་ནུས་པ་མཐོར་འདེགས་གཏོང་བ། ཤར་ནུབ་རྒྱུད་མཉམ་ལས་དང་ཁ་གཏད་རོགས་སྐྱོར་གྱི་དགེ་མཚན་འདོན་སྤེལ་བྱས་ཏེ། ར་བའི་ཁུལ་འཛུགས་སྐྲུན་དང་རིམ་སྤོར་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་ལེན་དགོས། ཐོན་ལས་དང་པོ་དང་གཉིས་པ། གསུམ་པར་མཉམ་དུ་དོ་སྣང་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། མུ་ཐག་རྒྱུན་བསྲིང་དང་མུ་ཐག་ཁ་གསབ་ཐད་ནས་རྩོམ་ཡིག་འབྲི་བ། ཚོང་ལ་བརྟེན་ནས་ཚོང་འགུག་བྱེད་པ་དང་གནས་གཏན་ཚོང་འགུག་བྱེད་པ། ཐོན་ཁུངས་ཚོང་འགུག་བྱས་ནས། ཚོང་འགུག་དངུལ་འདྲེན་ཐད་ནས་མཆོང་བརྒལ་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས། ཁེ་ལས་ཀྱིས་ཞིབ་སྤེལ་དངུལ་གཏོང་བྱེད་ཤུགས་ཆེར་སྐྱེད་པར་སྐུལ་སློང་བྱེད་པ་དང་། ལག་རྩལ་ལྟེ་གནས་དང་ཞིབ་འཇུག་ལྟེ་གནས། གསར་གཏོད་ལྟེ་གནས་འཛུགས་སྐྲུན་བྱེད་པ། ཐོན་སློབ་ཞིབ་བཀོལ་མ་ལག་བཙུགས་ཏེ། ཚན་རྩལ་གསར་གཏོད་ཐད་ནས་མཐོར་འདེགས་གསར་བ་བྱེད་པར་སྐུལ་འདེད་གཏོང་དགོས། སྤྱི་ཡོངས་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་བསམ་བློ་དང་འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། བྱེད་ཐབས་གསར་གཏོད་བྱེད་པ། བྱ་བའི་མཉམ་ཤུགས་གཅིག་ཏུ་བསྡུ་བ། ལྟ་སྐུལ་ཞིབ་དཔྱད་ལ་ཤུགས་སྣོན་པ། ཁེ་ལས་ལ་ཕན་འདོགས་པའི་འགན་སྲུང་ཞབས་ཞུ་ཕྱོགས་ཡོངས་ནས་ལེགས་བསྒྱུར་བྱས་ཏེ། ཞབས་ཞུའི་འགན་སྲུང་ཆུ་ཚད་མཐོར་འདེགས་གཏོང་བའི་ཐད་ནས་སྣང་ཚུལ་གསར་བ་བསྐྲུན་དགོས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཝེ་ཏུང་གྲོས་ཚོགས་ལ་ཞུགས། ཧྲིན་ཀྲང་གཞོན་པ་ལིའུ་ཁྲོ་ཡིས་མགོ་འཛིན་བྱས་པ་དང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གི་འཐུས་ཚབ་པས་གཏམ་བཤད།
རིནཆེན་མཚོས་བསྒྱུར།