ལིས་ཁི་ཆང་གིས་ཁི་ལིས་སི་ཞི་ཕུའུ་ཅིན་སི་ལ་གློག་འཕྲིན་བཏང་ནས་ཁོ་རང་ནེའུ་ཙི་ལན་སྲིད་གཞུང་གི་ཙུང་ལིར་བདམས་པར་རྟེན་འབྲེལ་ཞུས།
2023.02.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 192

ཟླ་དང་པོའི་ཚེས་སོ་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཁི་ལིས་སི་ཞི་ཕུའུ་ཅིན་སི་ལ་གློག་འཕྲིན་བཏང་ནས། ཁོ་རང་ནེའུ་ཙི་ལན་སྲིད་གཞུང་གི་ཙུང་ལི་བདམས་པར་རྟེན་འབྲེལ་ཞུས།

ལིས་ཁི་ཆང་གིས་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་དང་ནེའུ་ཙི་ལན་ནི་ཨེ་ཤ་ཡ་དང་ཞི་བདེ་ཆེན་མོའི་ས་ཁུལ་གྱི་རྒྱལ་ཁབ་གཙོ་བོ་གཉིས་ཡིན་པ་དང་། ཕྱོགས་གཉིས་ཀ་ནི་མཉམ་ལས་ཀྱི་གྲོགས་པོ་བཟང་བོ་ཡིན། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་ནེའུ་ཙི་ལན་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་བཟང་ཞིང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ས་གནས་ཀྱི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ཀྱི་ཐད་ལ་བྱས་རྗེས་གལ་ཆེན་བཞག ཀྲུང་གོ་དང་ནེའུ་ཙི་ལན་འབྲེལ་བར་ལོ་ངོ་ལྔ་བཅུའི་ལོ་རྒྱུས་ལྡན་ལ། ལོ་རྒྱུས་ཀྱི་མགོ་ཚུགས་ས་གསར་བའི་སྟེང་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱེད་དགོས་པ་དང་། སྔོན་ཐོན་བརྩོན་པའི་སྙིང་སྟོབས་དར་སྤེལ་བྱས་ཏེ། འབྲེལ་འདྲིས་ལ་ཤུགས་སྣོན་དང་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། བརྗེ་རེས་རྒྱ་བསྐྱེད་ཅིང་མཉམ་ལས་ལག་བསྟར་བྱས་ནས། ཀྲུང་གོ་དང་ནེའུ་ཙི་ལན་བར་གྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།

                                                                                                               བཀྲ་ཤིས་འབུམ་གྱིས་བསྒྱུར།