ཆིན་ཀང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བདུན་པའི་ཀྲུའུ་ཞི་ཁི་ལེ་ཞི་དང་གྲོས་མོལ་བྱས།
2023.02.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་གཉིས་པའི་ཚེས་གཉིས་ཉིན། ཕྱི་འབྲེལ་པུའུ་ཀྲང་ཆིན་ཀང་གིས་པེ་ཅིང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བདུན་པའི་ཀྲུའུ་ཞི་ཁི་ལེ་ཞི་དང་གྲོས་མོལ་བྱས།

ཆིན་ཀང་གིས་བཤད་དོན། དེང་སྐབས་འཛམ་གླིང་སྟེང་དུ་འགལ་རྐྱེན་ཇེ་མང་དུ་འགྲོ་བ་དང་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་འཕྲོ་རིམ་འཕྲོར་བྱུང་དང་འབྱུང་བཞིན་ཡོད་པས། ཕྱོགས་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་བ་ཆེན་པོ་བཅངས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་བཅོས་སྐྱོང་ཁྲོད་དུ་ནུས་པ་ཆེན་པོ་འདོན་དགོས། དྲང་བདེན་གྱི་སྐད་ཆ་བཤད་པ་དང་དྲང་བདེན་གྱི་དོན་དག་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། ཞི་བདེ་བདེ་འཇགས་སྲུང་སྐྱོབ་དང་འདྲ་མཉམ་དྲང་བདེན་སྲུང་སྐྱོབ་བྱེད་དགོས། ཀུན་ཕན་བཟོད་སྒོམ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་དེ་འཛམ་གླིང་གྲོས་རིམ་གྱི་དཀྱིལ་སྙིང་དུ་འཇོག་པ་དང་། འཕེལ་རྒྱས་གྲུབ་འབྲས་མང་པོ་དེ་འདྲ་མཉམ་སྒོས་རྒྱལ་ཁབ་སོ་སོའི་མི་དམངས་ལ་ལོངས་སུ་སྤྱོད་དུ་འཇུག་དགོས། ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་། འབྲེལ་འདྲིས་དང་གྲོས་མོལ་བརྒྱུད་ནས་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་ཡོངས་ཁྱབ་རང་བཞིན་དང་འཐུས་ཚབ་རང་བཞིན་ལྡན་པའི་རྩ་ཁྲིམས་སྒྲིག་གཞི་ཡིན་པས། ཀྲུང་གོས་མུ་མཐུད་དུ་སྟོབས་ཤུགས་ཡོད་རྒུ་བཏོན་ནས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་དང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིའི་བྱ་བར་རྒྱབ་སྐྱོར་བྱེད་ངེས་ཡིན།

ཆིན་ཀང་གིས་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་ནི་ཞི་བདེ་དང་དྲང་བདེན་སྟོབས་ཤུགས་ཇེ་ཆེར་སོང་བ་དེ་ཡིན་པས། ང་ཚོས་ཕྱོགས་མང་རིང་ལུགས་ངོ་མའི་དར་ཆ་མཐོན་པོར་སྒྲེང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་མིའི་རིགས་ཀྱི་སྤྱི་ཡོངས་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་འཕེལ་རྒྱས་གསར་བས་འཛམ་གླིང་ལ་གོ་སྐབས་གསར་བ་སྐྲུན་པ། འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་མགོ་དངོས་འབེབས་བྱེད་རྒྱུ་གོ་སྐབས་སུ་བཟུང་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་མྱུར་དུ་མངོན་འགྱུར་བྱེད་པ་དང་། འཛམ་གླིང་བདེ་འཇགས་ཀྱི་གྲོས་མགོ་མཉམ་དུ་ལག་བསྟར་བྱེད་པར་མ་ཟད་ལག་རྡང་སྦྲེལ་ནས་རྒྱལ་སྤྱིའི་བདེ་འཇགས་ཀྱི་འགྲན་རྩོད་གསར་བར་ཁ་གཏད་འཇལ་ངེས་ཡིན།

ཁི་ལེ་ཞི་ཡིས་བཤད་དོན། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཉམ་ལས་གྲོགས་པོ་བཟང་བོ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཆེ་ཞུ་བ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོ་ཡི་རྒྱལ་ཁབ་ཆེན་པོའི་ཤུགས་རྐྱེན་དང་སྣེ་ཁྲིད་ནུས་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་རིང་ལུགས་ལ་ཤུགས་སྣོན་ཞིང་འཛམ་གླིང་བཅོས་སྐྱོང་ལེགས་བཅོས་བྱེད་པ་དང་། གྲོས་མོལ་བྱེད་པ་ལས་འགྲན་རྒོལ་མི་བྱེད་པའི་གྲོས་མགོ་འདོན་པ། མཐུན་སྒྲིལ་བྱས་ཏེ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་བར་རེ་སྒུག་བྱས་ཡོད།

ཕྱོགས་གཉིས་ཀྱིས་ད་དུང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱིའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།

                                                                                     བཀྲ་ཤིས་འབུམ་གྱིས་བསྒྱུར།