ཟླ་དང་པོའི་ཚེས་གཉིས་ཉིན་ནི་འཛམ་གླིང་གི་བརླན་སའི་ཉིན་མོ་སྐབས་ཉེར་བདུན་པ་ཡིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐོ་མཚོ་སྔོན་པོ་ལྷོ་རི་ལྗོངས་རྒྱུ་སྟེགས་བུ་དང་གླང་ཆེན་མཆེ་བའི་ལྗོངས་རྒྱུ་ཁུལ་དུ་སོང་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་སྐྱེ་ཁམས་གནས་སྐོར་འཆར་འགོད། མཚོ་སྐོར་ས་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་གནས་ཚུལ་བཅས་ལ་རྟོག་ཞིབ་བྱས་པར་མ་ཟད། མགོ་འཛིན་བྱས་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཡུལ་དངོས་ཀྱི་བྱ་བའི་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོའི་བྱ་བའི་རེ་བ་ལག་བསྟར་བྱས་པ་དང་། མིག་སྔར་གྱི་གནད་དོན་ལ་དབྱེ་ཞིབ་བྱས་ལ། འཛུགས་སྐྲུན་བྱ་བ་སྤེལ་བར་ཞིབ་འཇུག་བྱས།
ལིའུ་ཐོ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཐད་ཧ་ཅང་མཐོང་ཆེན་བྱས་པ་དང་། ཐེངས་མང་པོར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཧ་ཅང་མཐོང་ཆེན་བྱས་པ་དང་། འགོ་ཚུགས་ས་མཐོ་བའི་སྒོ་ནས་འཆར་འགོད་བྱས་པ་དང་ཚད་གཞི་མཐོ་བའི་སྒོ་ནས་སྐུལ་འདེད་བཏང་སྟེ། སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་གཞོགས་འདེགས་མཐུན་སྦྱོར་དང་མཉམ་འགུལ་བྱས་ནས། འཛུགས་སྐྲུན་བྱ་བའི་ཐད་རྨང་གཞི་བརྟན་པོ་བཏིངས།
ལིའུ་ཐོ་ཡིས་ནན་གྱིས་བསྟན་དོན། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་རྒྱུ་དེ་མཆོང་བརྒལ་དུས་རིམ་དུ་སླེབས་པས། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སྐོར་གྱི་རེ་བ་གལ་ཆེན་དོན་འཁྱོལ་བྱས་ནས། སྟོབས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱ་བ་སྣ་ཚོགས་དམ་འཛིན་བྱེད་དགོས། འགན་འཁྲི་གཙོ་བོའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ལས་འགན་གཙོ་བོར་ཤན་སྦྱར་ནན་མོ་བྱེད་པ། འཆར་འགོད་ཀྱི་སྣེ་ཁྲིད་ལ་ཤུགས་བསྣན་ནས། ཚན་རིག་དང་མཐུན་པའི་སྒོ་ནས་ཁྱབ་ཁོངས་ཁུལ་བགོས་ནན་མོ་བྱེད་དགོས། སྲུང་སྐྱོབ་སླར་གསོ་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་། གོ་རིམ་ལྡན་པའི་སྒོ་ནས་འགལ་རྩོད་ཐག་གཅོད་པ། ས་ཆ་ཁ་ཤས་ཀྱི་མཐུན་སྦྱོར་མཉམ་འབྲེལ་ལ་དོ་སྣང་བྱེད་པ། རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་བར་གྱི་སྙན་ཞུ་བརྗེ་རེས་ལ་ཤུགས་བསྣན་ནས། བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས། འབུར་ཐོན་གནད་དོན་གཙིགས་སུ་འཛིན་པ་དང་། ཁྲིད་འགོག་ཟུང་འབྲེལ་བྱས་ནས་གནས་སྐོར་ཚོང་ར་ཚད་ལྡན་དུ་བསྒྱུར་བ་དང་། བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་སྒྲིག་གཞི་བཅོས་བསྒྱུར་བྱེད་པ། ཁྲིམས་སྲོལ་ལྟར་སོར་བཞག་གནད་དོན་ཐག་བཅད་དེ། ཉེན་ཁ་ཕྱོགས་ཡོངས་ནས་རྟོག་སེལ་བྱེད་དགོས། མང་ཚོགས་ཀྱི་ཁེ་ཕན་ལ་བསམ་གཞིགས་གང་ལེགས་གཏོང་བ་དང་། མཉམ་འཛུགས་མཉམ་བཅོས་དང་མཉམ་སྤྱོད་རྐྱེན་སྲོལ་བཙུགས་ནས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བར་བྱེད་དགོས།
རིན་ཆེན་མཚོས་བསྒྱུར།