ཟླ་གཉིས་པའི་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དང་ཁྲི་ཀ་རྫོང་དུ་སོང་ནས་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་གྲ་སྒྲིག་དང་སློབ་རའི་རིམས་ནད་འགོག་སྡོམ་བྱ་བར་རྟོག་ཞིབ་བྱས་ནས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སློབ་གསོ་པུའུ་དང་ཞིང་ཆེ་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་རེ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རིམས་ནད་འགོག་སྡོམ་དང་སློབ་གསོ་སློབ་ཁྲིད་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་པར་གཅིག་འདོམས་བྱེད་དགོས།
དབྱང་ཀྲི་ཝན་སྔ་གཞུག་ཏུ་མཚོ་ལྷོ་ཁུལ་གུང་ཧོ་རྫོང་དང་ཁྲི་ཀ་རྫོང་གི་བྱིས་གཉོར་ཁང་དང་། སློབ་གྲྭ་འབྲིང་ཆུང་སྐོར་ཞིག་དང་ལས་རིགས་ལག་རྩལ་སློབ་གྲྭར་སོང་ནས། སློབ་ཁྲིད་ཐོག་ཁང་དང་སློབ་མའི་ཉལ་ཁང་། སློབ་གྲྭའི་ཟ་ཁང་། དངོས་ཟོག་ཉར་གསོག་ཁང་སོགས་ལ་ལྟ་ཞིབ་བྱས་པ་དང་། དགེ་རྒན་ཚོ་དང་བསམ་བློ་བརྗེ་རེས་ཟབ་མོ་བྱས་ནས། སློབ་རའི་དུག་སེལ་དང་བདེ་འཇགས་དོ་དམ། དགེ་སློབ་ཚོའི་བདེ་ཐང་མཐིལ་རྟོགས་དང་སློབ་གསོ་སློབ་ཁྲིད་གྲ་སྒྲིག་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།
དབྱང་ཀྲི་ཝུན་གྱིས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློའི་ངོས་ཟིན་མཐོར་འདེགས་གཏོང་བ་དང་། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། པྲོག་གསར་གློ་ཚད་རིམས་ནད་བྱུང་བར་རིམས་ནད་ཁ་བར་རིམ་པ་ཁ་བའི་དོ་དམ་བྱེད་པའི་རེ་བ་ལག་བསྟར་བྱེད་པ། གནད་འགོག་དུས་རིམ་གཙིགས་སུ་འཛིན་པ། ཇུས་གཞི་ལེགས་བསྒྱུར་བྱས་ནས། ཚན་རིག་དང་མཐུན་པ་དང་གནད་ལ་འཁེལ་བ། ཕན་ནུས་ལྡན་པའི་སྒོ་ནས་སློབ་རའི་རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་བསྒྲུབ་དགོས། དགེ་རྒན་གྱི་གསོ་སྦྱོང་དང་སློབ་དེབ་སྟེར་བ། དགེ་སློབ་ཚོའི་བདེ་ཐང་ལྟ་ཞིབ། དངོས་ཟོག་ཉར་གསོག་བྱེད་པ་སོགས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པར་གཅིག་འདོམས་བྱས་ཏེ། ཧུར་ཐག་གིས་སློབ་གསོ་སློབ་ཁྲིད་ཁོར་ཡུག་བཟང་བོ་བསྐྲུན་དགོས། སློབ་རའི་བདེ་འཇགས་འདུ་ཤེས་བརྟན་པོ་འཛུགས་པ་དང་། སློབ་གྲྭའི་རླངས་འཁོར་དང་ཉལ་ཁང་། ཚོད་ལྟ་ཁང་། ཟས་རིགས། བཏུང་ཆུ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། ཉེན་ཁ་རྟོག་སེལ་བཅོས་སྐྱོང་ནན་མོ་བྱེད་པ་དང་། སློབ་རའི་བདེ་འཇགས་དང་གཏན་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས། སློབ་ཁྲིད་ཀྱི་གཡུལ་ས་གཙོ་བོའི་ནུས་པ་ཇེ་ཆེར་གཏོང་བ་དང་། སློབ་ཁྲིད་བྱེད་ཐབས་ཇེ་ལེགས་སུ་གཏོང་བ་དང་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། ཆ་འཕྲིན་ལག་རྩལ་མཉམ་བསྲེས་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་སྟེ། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་དང་ཆུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་གཏོང་དགོས།
རིན་ཆེན་མཚོས་བསྒྱུར།