ཟླ་གཉིས་པའི་ཚེས་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བདུན་པའི་ཀྲུའུ་ཞི་ཁི་ལེ་ཞི་ལ་མཇལ་འཕྲད་གནང་།
ལིས་ཁི་ཆང་གིས་བསྟན་དོན། ཞི་བདེ་ཡོང་བ་དང་འཕེལ་རྒྱས་བརྩོན་ལེན་བྱེད་པ་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས་ཕྱོགས་མང་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོབ་བྱེད་པ་ཡིན་ཞེས་བསྟན། དེང་སྐབས་ཀྱི་གནས་བབ་འོག ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་རྩ་ཁྲིམས་ཀྱི་དམིགས་འབེན་དང་རྩ་དོན་སྲུང་སྐྱོབ་བྱེད་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་སྒྲིག་སྲོལ་སྲུང་སྐྱོབ་བྱེད་པ། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོབ་བྱེད་པར་མ་ཟད། ཧུར་ཐག་སྒོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་བ་སྣ་ཚོགས་ལ་རྒྱབ་སྐྱོར་དང་དེའི་ཁྲོད་དུ་ཞུགས་པ་དང་། འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད།
ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་ནི་ད་ལྟའི་རྒྱལ་སྤྱིའི་སྒྲིག་ལམ་གྱི་སྲུང་སྐྱོབ་མཁན་དང་དེར་ཞུགས་མཁན་ཡིན་པ་དང་། འཛམ་གླིང་སྒོ་འབྱེད་ཀྱི་ཁེ་ཕན་ཐོབ་མཁན་དང་སྐུལ་འདེད་གཏོང་མཁན་ཡིན། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ག་འདྲ་བྱུང་རུང་། ཀྲུང་གོ་བློ་བརྟན་འགྱུར་མེད་སྒོས་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པ་དང་། བཅོས་སྒྱུར་སྒོ་འབྱེད་ཀྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་པ། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་བྱེད་པ། རང་ཉིད་ཀྱི་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་བ་སྐྲུན་ངེས་ཡིན་ཟེར།
ཁི་ལེ་ཞི་ཡིས་བཤད་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོ་དང་མཉམ་ལས་བྱེད་པར་ཤུགས་སྣོན་ཞིང་འགྲན་རྩོད་སྣ་ཚོགས་ལ་མཉམ་དུ་ཁ་གཏད་འཇལ་བ་དང་། ཀྲུང་གོས་མུ་མཐུད་དུ་ནུས་པ་ཆེན་པོ་འདོན་པར་རེ་སྒུག་བྱས་ཡོད་ཟེར།
བཀྲ་ཤིས་འབུམ་གྱིས་བསྒྱུར།