ཟླ་གཉིས་པའི་ཚེས་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས་ནས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྩིས་ཡོད་པའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་སྡུར་བྱས་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཡིག་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སོ་སོ་དང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ལ་བཀྲམ་ནས་བསམ་འཆར་བསྡུ་ལེན་བྱེད་རྒྱུ་ཐག་བཅད།
ལིས་ཁི་ཆང་གིས་གསུངས་རྒྱུར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་བྱ་བ་ཡར་ཞུ་བྱེད་པ་ནི་རྩ་ཁྲིམས་ལས་གཏན་འཁེལ་བྱས་པའི་འགན་འཁྲི་གལ་ཆེན་ཡིན་པ་དང་། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པའང་ཡིན། བསམ་འཆར་ལ་གང་ལེགས་སྒོས་ཉན་པ་དང་བློ་གྲོས་གཅིག་སྡུད་བྱས་ནས། སྲིད་གཞུང་བྱ་བའི་སྙན་ཞུ་ལས་བྱ་བའི་དོན་དངོས་དང་གནས་བབ་རེ་བ་མཚོན་པར་བྱེད་དགོས།
ལིས་ཁི་ཆང་གིས་གསུངས་རྒྱུར། འདས་པའི་ལོ་གཅིག་གི་ནང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དཀའ་སེལ་མདུན་བསྐྱོད་བྱས་ནས། རང་རྒྱལ་གྱི་འཕེལ་རྒྱས་ཐད་ནས་ཐོབ་སླ་མོ་མིན་པའི་གྲུབ་འབྲས་གསར་བ་བླངས། རིམས་ནད་སོགས་སྔོན་དཔག་དུས་སྐབས་ལས་བརྒལ་བའི་རྒྱུ་རྐྱེན་བརྡབ་གསིག་ལ་དམིགས་ཏེ། ང་ཚོས་དུས་ཐོག་ཏུ་ཁ་གཏད་འཇལ་ཞིང་སྔོན་ལ་ལག་བསྟར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་གཏན་འཁེལ་བྱས་ཤིང་། རྒྱུན་མཐུད་སྒོས་མཁོ་འདོན་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱས་པ་དང་། དུས་ཐོག་ཏུ་དཔལ་འབྱོར་བརྟན་འཇགས་ཀྱི་སྲིད་ཇུས་རབ་དང་རིམ་པ་དང་རྒྱུན་མཐུད་བྱེད་ཐབས་གཏན་ལ་ཕབ་ཅིང་། ཁེ་ལས་འབྲིང་ཆུང་དང་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་གིས་བདག་གཉེར་བྱེད་ དཀའ་བར་དམིགས་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ནུས་ལྡན་དགོས་མཁོ་སྐོང་མི་ཐུབ་པར་དམིགས་ནས་བྱེད་ཐབས་སྣ་མང་སྤྱད་པར་མ་ཟད་དངུལ་གཏོང་རྒྱ་བསྐྱེད་ནས་འཛད་སྤྱོད་ལ་སྐུལ་འདེད་བཏང་བ། ལས་ཞུགས་གནོན་ཤུགས་ལ་དམིགས་ནས་ལས་གནས་བརྟན་འཇགས་དང་ལས་ཞུགས་རྒྱ་བསྐྱེད་པར་ཤུགས་བསྣན་པ། ནང་འདྲེན་རང་བཞིན་གྱི་རྒྱུག་དངུལ་སྟོང་འཕར་གྱི་གནོན་ཤུགས་ལ་དམིགས་ཏེ་འབྲུ་རིགས་དང་ནུས་ཁུངས་གཙོ་བྱས་ནས་མཁོ་འདོན་འགན་སྲུང་དང་རིན་གོང་བརྟན་འཇགས་སུ་བཏང་། འབད་བརྩོན་བྱས་པ་བརྒྱུད། དཔལ་འབྱོར་གྱི་རྨང་གཞི་ཇེ་བརྟན་དུ་བཏང་ཞིང་མཁར་གྲོང་དུ་ལས་ཞུགས་མི་སྣ་བྱེ་བ་གཅིག་དང་ས་ཡ་གཉིས་ལྷག་ཇེ་མང་དུ་སོང་བ་དང་། སྡོད་དམངས་འཛད་སྤྱོད་རིན་གོང་འཕར་ཚད་བརྒྱ་ཆའི་གཉིས་ཡིན་ལ། ཕྱིར་གཏོང་ནང་འདྲེན་གྱི་འཕར་ཚད་བརྒྱ་ཆའི་བརྒྱ་ཆའི་བདུན་དང་གྲངས་ཆུང་བདུན་ཡིན་པ་དང་། རྒྱལ་སྤྱིའི་གཏོང་ཡོང་ཕལ་ཆེར་དོ་མཉམ་ཡིན་ལ། དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་ཁུལ་གནས་སུ་སྲུང་འཛིན་བྱས།
ལིས་ཁི་ཆང་གིས་གསུངས་རྒྱུར། འདས་པའི་ལོ་ལྔ་ནི་ཧ་ཅང་རྒྱུན་ལྡན་མིན་ལ་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ལྔ་རེད། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། འབད་འཐབ་མདུན་སྐྱོད་བྱས་ནས་དུས་ལྟར་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ཐད་ནས་གྲུབ་འབྲས་གསར་བ་བླངས་ཤིང་། དུས་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱས་པ་དང་། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ལ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་སྐྱོད་ལམ་གསར་བར་བསྐྱོད་མགོ་བརྩམས། ང་ཚོས་ནུས་ལྡན་སྒོས་ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་། ཁེ་ལས་དང་བཟོ་ཚོང་ཁྱིམ་ཚང་སོགས་ཀྱི་དགོས་མཁོ་ལ་དམིགས་ཏེ་ཆེ་ཕྱོགས་ཀྱི་སྙོམས་སྒྲིག་ཚོད་འཛིན་ལག་བསྟར་བྱས་པ་དང་། གཞི་ཁྱོན་རང་བཞིན་གྱི་ཁྲལ་འཕྲི་ཁྲལ་སློག་དང་ཡོན་གཅོག་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་ནས། ཚོང་ར་བརྟན་འཇགས་ཀྱི་གཙོ་གཞིར་བརྟེན་ནས་ལས་ཞུགས་བརྟན་འཇགས་དང་དམངས་ཚིས་འགན་སྲུང་བྱས། གོ་རིམ་དེའི་ཁྲོད་དུ་རྒྱུན་མཐུད་དང་ཚད་མཐོན་པོས་མཚལ་ཡིག་འཕར་སྣོན་མ་བྱུང་བ་དང་ཚད་བརྒལ་དངུལ་ལོར་མེད་པས། དངོས་གོང་བརྟན་འཇགས་ཐད་ལ་ཆེ་ཕྱོགས་ཀྱི་ཆ་རྐྱེན་གསར་སྐྲུན་བྱས། བཅོས་སྒྱུར་སྒོ་འབྱེད་ལག་བསྟར་བྱས་པ་དང་། སྲིད་བསྡུ་དབང་གཏོང་དང་དབང་གཏོང་དང་དོ་དམ་ཟུང་འབྲེལ་བྱེད་པ་དང་། ཞབས་ཞུ་ལེགས་སྒྱུར་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། ཚོང་རའི་གསོན་ཤུགས་སྔར་ལས་ཇེ་ཆེར་བཏང་། གསར་སྐྲུན་ལ་སྐུལ་འདེད་གཏོང་བ་དང་ནང་མཁོ་རྒྱ་བསྐྱེད་པ། ཁོར་ཡུག་སྲུང་སྐྱོབ་སོགས་བྱ་བ་བཟང་བོར་བསྒྲུབས་ནས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱས། ང་ཚོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མདུན་དུ་སྔར་བཞིན་དཀའ་ཁག་དང་འགྲན་རྩོད་སྣ་ཚོགས་གནས་ཡོད་པ་གསལ་བོར་རྟོགས་བྱུང་།
ལིས་ཁི་ཆང་གིས་གསུངས་རྒྱུར། དཔལ་འབྱོར་བརྟན་འཇགས་ཀྱི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པས་རྒྱུན་མཐུད་སྒོས་ནུས་པ་འདོན་པ་དང་རིམས་ནད་འགོག་སྡོམ་བྱེད་ཐབས་ལེགས་སྒྱུར་ལེགས་སྒྲིག་བྱས་པ་དང་བསྟུན་ནས། དེང་སྐབས་དཔལ་འབྱོར་འཁོར་སྐྱོད་རིམ་བཞིན་འཕར་སྣོན་འབྱུང་བཞིན་ཡོད། ལས་ཁུངས་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་བྱས་ཏེ་མུ་མཐུད་དུ་དེང་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་དམ་འཛིན་བྱས་ནས། དཔལ་འབྱོར་འཁོར་སྐྱོད་ཀྱི་འཕར་སྣོན་གནས་བབ་སྲ་བརྟན་དང་རྒྱ་བསྐྱེད་དགོས།
ཧན་ཀྲིན་དང་སུན་ཁྲུན་ལན། ཧུའུ་ཁྲུན་ཧྭ། ལིའུ་ཧི། ཝེ་ཧྥིན་ཧི། ཝང་ཡུང་། ཝང་དབྱི། ཞའོ་ཅེ། ཀྲའོ་ཁི་ཀྲི་སོགས་གྲོས་ཚོགས་ལ་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།