མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གིས2022ལོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས།
2023.02.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་གཉིས་པའི་ཚེས་གཉིས་ཉིན་ནས་ཚེས་གསུམ་ཉིན་བར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གིས2022ལོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཚད་ཤིང་དུ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་བརྟེན་ནས། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་ཟབ་མོ་བྱས་ལ། འདུ་ཤེས་བཞི་ཇེ་དྲག་ཏུ་བཏང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་བཏང་ཞིང་། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབས་ལ། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་འབད་བརྩོན་ལྷོད་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་བརྗོད་སྙིང་དུ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བ་དངོས་ལ་འབྲེལ་འདྲིས་དམ་ཟབ་བྱས་ཏེ། གནད་དོན་ལ་ལྟ་ཞིབ་ནན་མོ་བྱས་པ་དང་ཏང་གཤིས་དབྱེ་ཞིབ་ཟབ་མོ་བྱས་ཤིང་། སྐྱོན་བརྗོད་དང་རང་སྐྱོན་ངོས་ལེན་བྱས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་སྐུལ་སློང་དང་སྤྱི་སྡོམ་གཏམ་བཤད། ཀྲུང་དབྱང་གི་ལྟ་སྐུལ་ཚན་ཆུང་བདུན་པ་གྲོས་ཚོགས་ལ་ཞུགས་ནས་མཛུབ་སྟོན་བྱས་པར་མ་ཟད་དཔྱད་འཇོག་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་དུ་ཞུགས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐེངས་འདིའི་དམངས་གཙོ་འཚོ་བའི་གྲོས་ཚོགས་བཟང་བོ་བསྡུ་བར་ཧ་ཅང་མཐོང་ཆེན་བྱས། གྲོས་ཚོགས་ཀྱི་སྔོན་དུ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་ཆ་ཚང་བྱས། རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་བརྗོད་དོན་དང་རེ་བར་ཤན་སྦྱར་ནས། མི་སྒེར་གྱི་རང་སྦྱོང་བྱས་པ་དང་སེམས་གཏམ་གླེང་ལ། བསམ་འཆར་རྒྱ་ཆེར་བསྡུ་ལེན་བྱས་པ་དང་གནད་དོན་ལ་ཞིབ་བཤེར་བྱས་ཤིང་། ཞིབ་བསྡུར་སྐྱོན་བཤེར་གྱི་ཡིག་ཆ་བཟང་བོར་བྲིས་པ་དང་། གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་ནས། དམངས་གཙོ་འཚོ་བའི་གྲོས་ཚོགས་བཟང་བོར་བསྡུ་བའི་ཐད་རྨང་གཞི་བརྟན་པོ་བཏིངས།

ཚེས་གཉིས་ཉིན། ཁྲིན་ཀང་གིས་སྐུལ་སློང་གཏམ་བཤད་སྤེལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གིས་གཅིག་བསྡུས་སློབ་སྦྱོང་དང་བགྲོ་གླེང་སྤེལ་ནས། བསམ་བློ་སྔར་ལས་གཅིག་གྱུར་དང་ངོས་ཟིན་སྔར་ལས་ཇེ་མཐོར་བཏང་། ཁྲིན་ཀང་གིས། བསམ་བློ་བརྗེ་རེས་བྱེད་པའི་ཁྲོད་བསམ་བློ་གཅིག་གྱུར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་བྱེད་པ། ཏང་གི་གཙོ་འཛིན་ལ་བརྩི་བཀུར་དགའ་གུས་བྱེད་པའི་བསམ་པའི་སྒུལ་ཤུགས་ཇེ་ཆེར་བཏང་སྟེ། རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོན་པོའི་གཅིག་གྱུར་བྱེད་དགོས། གནད་དོན་ལ་ལྟ་ཞིབ་བྱེད་པའི་ཁྲོད་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་དང་། རང་ཉིད་དེའི་ཁྲོད་འཇོག་པ་དང་བསམ་བློ་དེའི་ཁྲོད་འཇོག་པ། བྱ་བ་དེའི་ཁྲོད་འཇོག་པ། འབུར་ཐོན་གནད་དོན་ལ་ཞིབ་བཤེར་ཟབ་མོ་བྱེད་པ། གནད་དོན་གྱི་འབྱུང་རྩར་དབྱེ་ཞིབ་ཟབ་མོ་བྱས་ནས། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས་གཏན་འབེབས་བྱེད་དགོས། སྤྱོད་ཚུལ་བསྒྱུར་བའི་ཁྲོད་སྤྱོད་ཚུལ་ཇེ་དྲག་ཏུ་གཏོང་བ་དང་། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་ཕུལ་བྱུང་སྤྱོད་ཚུལ་དར་སྤེལ་གཏོང་བ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་སྐབས་དགོས་པ་གསུམ་པ་དང་མི་དགོས་པ་གསུམ་ལག་བསྟར་བྱེད་པ་དང་། བསམ་ཚུལ་གང་ཡོད་བཤད་པ་དང་རང་ཉེས་དྲང་ཞུ་བྱེད་པ། མི་གཞན་པར་སྐྱོན་བརྗོད་བྱེད་པའི་ཞོར་དུ་རང་ཉིད་ལ་ཡང་གསལ་འདེབས་བྱེད་པ། སྒྲོ་འདོགས་མི་བྱེད་པ་དང་ཚིག་རྗེས་མི་གཅོད་པ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་འགོ་བཟང་བོ་ཁྲིད་པ་དང་མིག་དཔེ་བྱེད་དགོས་པའི་རེ་བ་བཏོན།

ཚེས་གསུམ་ཉིན། གྲོས་ཚོགས་སྟེང་ཡང་བསྐྱར་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་དག་ཐེར་ལེགས་བཅོས་བྱེད་ཐབས་ལག་བསྟར་བྱས་པའི་གནས་ཚུལ་དང་ཐེངས་འདིའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས།

ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་ཚབ་བྱས་ནས་ཤན་སྦྱར་ཞིབ་བཤེར་བྱས་པ་དང་། གཙོ་བོར་ཕྱོགས་དྲུག་ཐད་ནས་གནད་དོན་དང་མི་འདང་སར་བརྟག་བཤེར་བྱས་ལ། རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་པར་མ་ཟད། གོ་རིམ་རྗེས་མར་འབད་འཐབ་བྱེད་པའི་ཁ་ཕྱོགས་དང་ལེགས་སྒྱུར་བྱེད་ཐབས་གཏན་ཁེལ་གསལ་བོ་བྱས། དེའི་རྗེས། ཁྲིན་ཀང་གིས་འགོ་ཁྲིད་དེ་མི་སྒེར་གྱི་ཞིབ་བསྡུར་སྐྱོན་བཤེར་བྱས་པ་དང་། རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་རེ་རེ་བཞིན་ཞིབ་བསྡུར་སྐྱོན་བཤེར་བྱས་ལ། རྒྱུན་ལས་ཨུ་ཡོན་གཞན་པས་སྐྱོན་བརྗོད་ཀྱི་བསམ་ཚུལ་བཏོན། ཚང་མས་བརྗོད་དོན་ལ་དམ་དུ་དམིགས་པ་དང་། གཙིགས་སུ་འཛིན་པ་བདུན་དང་སྣེ་ཁྲིད་དྲུག་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་རེ་བ་ཚད་གཞི་རུ་བྱས་པ་དང་། མཐུན་སྒྲིལ་དང་སྐྱོན་བརྗོད། མཐུན་སྒྲིལ་བཅས་ཀྱི་བྱེད་ཕྱོགས་ལག་བསྟར་བྱས་ལ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བཟང་བོར་སྤེལ་བ་དང་། ཏང་དང་ལས་དོན། བློ་མཐུན་ལ་འགན་མཐོན་པོ་ཁུར་བའི་རྣམ་འགྱུར་མངོན་པར་བྱས་པ་དང་། རྒྱུན་ལས་ཨུ་ཡོན་ཚན་ཁག་གི་གོང་བུར་སྒྲིལ་ཤུགས་དང་འཐབ་འཛིང་ནུས་པ། ལྟེ་བར་ཕྱོགས་ནུས་བཅས་མཐོར་འདེགས་སུ་བཏང་ལ། སྤུས་ཚད་མཐོ་བ་དང་སྣང་བརྙན་གསར་བའི་གྲོས་ཚོགས་བསྡུས་པ་དང་། སྔོན་དཔག་གི་དམིགས་འབེན་མངོན་འགྱུར་བྱས། ཚོགས་ཐོག་ནས། ཐེངས་འདིའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། གནད་དོན་གྱི་བསམ་ཚུལ་ལ་ཁ་ཕྱོགས་ནས་དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས་གཏན་འབེབས་བྱས་ཏེ། དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་རྗེས་མཐུད་བྱ་བ་བཟང་བོར་བསྒྲུབ་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གི་ཆབ་སྲིད་འཛུགས་སྐྲུན་ལ་རྒྱུན་མ་ཆད་པར་ཤུགས་སྣོན་དགོས་པའི་རེ་བ་བཏོན།

ཁྲིན་ཀང་གིས་སྤྱི་སྡོམ་གཏམ་བཤད་གནང་སྐབས་བསྟན་དོན། ཐེངས་འདིའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་རྗེས་སུ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གིས་བསྡུས་པའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཐེངས་དང་པོ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་རྗེས་སུ་བསྡུས་པའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཐེངས་དང་པོ་ཡིན་ལ། སྐབས་གསར་བའི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གིས་འགན་སྒྲུབ་ནན་མོ་བྱེད་པ་དང་། མཐུན་སྒྲིལ་གཅིག་གྱུར་སྒོས་མཚོ་སྔོན་གྱི་བྱ་བ་སྣ་ཚོགས་རྒྱུན་མཐུད་ངང་བཟང་བོར་བསྒྲུབ་པའི་ཐད་དོན་སྙིང་ཆེན་པོ་ལྡན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་སུ་གཏོང་བ་དང་། གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པར་ཤུགས་སྣོན་པ། ལག་ལེན་གྱི་ནུས་པ་ཇེ་དྲག་ཏུ་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་རེ་བ་སྟོང་ཟད་དུ་མི་གཏོང་བར་བྱེད་དགོས། ཏང་ལ་བློ་དཀར་བར་བྱེད་དགོས། ཏང་ལ་བློ་དཀར་བར་བྱེད་རྒྱུ་དེ་སྲོག་རྩ་དང་ཆེ་རྩ་བའི་ཆབ་སྲིད་ཀྱི་རེ་བར་བརྩི་བ་དང་། འགུལ་སྐྱོད་དངོས་ལ་བརྟེན་ནས་གཏན་ཕབ་གཉིས་ལ་མཐའ་གཅིག་ཏུ་བརྩི་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པ། ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བར་བརྟེན་ནས་བློ་དཀར་བར་བྱེད་པ། སྒྲིག་ལམ་ཇེ་དམ་དུ་བཏང་ནས་གཞུང་སེམས་དྲག་པོར་སྲུང་སྐྱོབ་བྱེད་པ། འགུལ་སྐྱོད་དངོས་ལ་བརྟེན་ནས་གཞུང་སེམས་དྲག་པོར་འགྲེལ་བཤད་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་བྱས་པའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱེད་དགོས། རང་རྟོགས་སྒོས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་མཐོ་ཚད་དུ་འགྲེང་ནས་བྱ་བར་བསམ་གཞིགས་གཏོང་བ་དང་འཆར་འགོད་བྱེད་པ་དང་། རྒྱལ་ཡོངས་བསམ་བཀོད་གཅིག་གི་བསམ་བློ་བརྟན་པོ་འཛུགས་པ། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་འཛུགས་པ། རང་འགུལ་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་དང་ཐོན་ལས་གནས་བཞི་མྱུར་དུ་འཛུགས་སྐྲུན་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ཁྲོད་མཚོ་སྔོན་གྱི་གྲུབ་འབྲས་མངོན་པར་བྱེད་དགོས། མཐུན་སྒྲིལ་འབད་འཐབ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་ཀྱི་རེ་བ་ཁོང་དུ་ཆུད་པར་བྱེད་པ་དང་། ཏང་ཡོན་ཡོངས་དང་ལས་བྱེད་པ་ཡོངས། མང་ཚོགས་ཡོངས་ཏང་གི་དར་ཆའི་འོག་གཅིག་བསྡུ་བྱེད་པ། སེམས་པ་གཅིག་ལ་ཕྱོགས་པ་དང་སྟོབས་ཤུགས་ཕྱོགས་གཅིག་ལ་འདོན་པ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཐུག་པའི་དཀའ་ཁག་གནད་དོན་ཐག་གཅོད་བཟང་བོ་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས། ཏང་ཀྲུང་དབྱང་གི་དགོངས་དོན་དང་འགལ་བ་དང་ཏང་གི་སྒྲིག་ལམ་དང་འགལ་བའི་གནད་དོན་ཡོད་ཚད་དང་འཐབ་རྩོད་བྱེད་ཕོད་པར་བྱེད་པ། འཐབ་རྩོད་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བ། ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་འཇལ་བ། འཕེལ་རྒྱས་ཐད་ཀྱི་དཀའ་གནད་ཐག་བཅད་དེ། ཧུར་ཐག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཀོད་པའི་རླབས་ཆེན་འཆར་འགོད་དེ་མཛེས་སྡུག་གི་མངོན་སུམ་དུ་འགྱུར་བར་བྱེད་དགོས། རང་ངོས་གསར་བརྗེ་བྱེད་ཕོད་པར་བྱེད་དགོས། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ངེས་པར་དུ་གསུམ་དང་ཡུན་རིང་གནས་པ་གཉིས། ནམ་ཡང་ལམ་དུ་ཡོད་པ་བཅས་ཡིད་ལ་དམ་པོར་འཛིན་པ། རྒྱུགས་སྤྲོད་ཀྱི་རྣམ་རིག་གསལ་བོ་དང་བློ་རྩ་བརྟན་པོ་ནམ་ཡང་སྲུང་འཛིན་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བ་གཏིང་ཟབ་ཏུ་སྤེལ་བ། ཏང་གི་རང་ངོས་གསར་བརྗེ་ལ་བརྟེན་ནས་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་བྱས་ཏེ། ཧུར་ཐག་གིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་བ་བསྐྲུན་དགོས།

རིན་ཆེན་མཚོས་བསྒྱུར།