རྒྱལ་དབང་ཁེ་ལས་ཀྱིས་སྨན་བཅོས་སྒྲིག་གཞི་སྒྲུབ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་བཅུ་གསུམ་གྱིས་རྒྱལ་དབང་ཁེ་ལས་ཀྱིས་སྨན་བཅོས་སྒྲིག་གཞི་སྒྲུབ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱ་བར་རྒྱབ་སྐྱོར་བྱེད་པའི་ཇུས་གཞི་གཏན་འཁེལ་བྱས།
ཉེ་བའི་ལོ་འགའི་རིང་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བཟང་བོ་བྱེད་ཆེད། རྒྱལ་དབང་ཁེ་ལས་ཀྱིས་ཐོན་ཁུངས་ལེགས་སྒྲིག་དང་བསྐྱར་འཛུགས་ལུགས་སྒྱུར་སོགས་ཀྱི་རྣམ་པ་བརྒྱུད་དེ་མུ་མཐུད་དུ་བཅོས་སྒྱུར་ཟབ་སྤེལ་བྱས་པ་དང་མཉམ་དུ་སྨན་བཅོས་སྒྲིག་གཞི་སྐོར་ཞིག་སོར་འཇོག་བྱས། སྨན་བཅོས་བདེ་ཐང་ལས་རིགས་གཙོ་བོ་ཡིན་པའི་རྒྱལ་དབང་ཁེ་ལས་ཀྱིས་སྨན་བཅོས་སྒྲིག་གཞི་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དེ། སྲིད་གཞུང་གིས་སྨན་བཅོས་སྒྲིག་གཞི་སྒྲུབ་པ་སོགས་ཀྱིས་ཕན་ཚུན་ལ་སྐུལ་སྤེལ་བྱེད་པ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་བདེ་ཐང་འགན་སྲུང་རྣམ་པ་ཆགས་པར་བྱེད་པར་དོན་སྙིང་གལ་ཆེན་ལྡན།
ཇུས་གཞི་ལས་རྒྱལ་དབང་ཁེ་ལས་ཀྱིས་སྒྲུབ་བཞིན་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་ད་ལྟ་ལག་བསྟར་བྱེད་པའི་སྒྲིག་སྲོལ་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་རེ་བ་ལྟར་འགྲོ་གྲོན་འགན་སྲུང་འགན་འཁྲི་དངོས་འབེབས་བྱེད་རྒྱུ་གཏན་འཁེལ་བྱས་ཡོད། དེ་དང་མཉམ་དུ་ཇུས་གཞི་ལས་སྲིད་གཞུང་གིས་སྤྱི་ཐུན་འཕྲོད་བསྟེན་ཞབས་ཞུ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དངོས་འབེབས་བྱེད་དགོས་ཞེས་བསྟན་ཡོད།
ཇུས་གཞི་ལས་ད་དུང་རྒྱལ་དབང་ཁེ་ལས་ཀྱིས་སྨན་བཅོས་སྒྲིག་གཞི་སྒྲུབ་པའི་བསླབ་ཚན་འཛུགས་སྐྲུན་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། གཙོ་གཞིའི་ཐོབ་ཐང་དང་དེ་མིན་ཐོན་དབང་ཁོངས་གཏོགས་གནད་དོན་ཐག་གཅོད་པ། རྒྱལ་དབང་ཁེ་ལས་ཀྱིས་སྨན་བཅོས་སྒྲིག་གཞི་སྒྲུབ་པའི་མ་དཔེ་གསར་སྐྲུན་བྱེད་པར་སྐུལ་ལྕག་བྱེད་པ། དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་དེ་མིན་འགན་སྲུང་བྱེད་ཐབས་ཆ་ཚང་དུ་གཏོང་བ་སོགས་ཀྱི་ཕྱོགས་ལ་རེ་བ་གསལ་བོ་བཏོན་པ་དང་བྱ་བར་བཀོད་སྒྲིག་བྱས་ཡོད།
བཀྲ་ཤིས་འབུམ་གྱིས་བསྒྱུར།