པད་ཁོ་ཡིས་སྐུ་འབུམ་དགོན་པའི་བྱ་བར་ཞིབ་བཤེར་དང་མཛུབ་སྟོན་བྱས།
2023.02.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ་གཉིས་པའི་ཚེས་བཞི་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་སྐུ་འབུམ་དགོན་པར་སོང་ནས་བྱ་བར་ཞིབ་བཤེར་དང་མཛུབ་སྟོན་བྱས་པར་མ་ཟད། གྲྭ་བ་རྣམས་ལ་འཚམས་འདྲི་བྱས་པ་དང་ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ་མཛུབ་སྟོན་བྱ་བར་ཞུགས།

པད་ཁོ་ཡིས་སྐུ་འབུམ་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་གླེང་མོལ་བྱས་རྗེས་བཤད་རྒྱུར། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་སྡེ་གྲགས་ཅན་ཞིག་ཡིན་པའི་ཆ་ནས། སྐུ་འབུམ་དགོན་པས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད་པར་མ་ཟད་མི་རིགས་མཐུན་སྒྲིལ་གྱི་གནས་མཆོག་ཅིག་ཡིན། ལོ་མང་པོའི་རིང་ལ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་འོག སྐུ་འབུམ་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་སྟེ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱས་བྱས་ཤིང་། ས་གནས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་དཔེ་སྟོན་གྱི་ནུས་པ་ཆེན་པོ་བཏོན། པད་ཁོ་ཡིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས། རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པར་མ་ཟད། སྐུ་འབུམ་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ལ། ཏང་གཅེས་དང་རྒྱལ་གཅེས། ཆོས་གཅེས་དང་དམངས་གཅེས་བཅས་རྒྱུན་འཁྱོངས་བྱས་ནས། ཡང་དག་པའི་རྒྱལ་ཁབ་ལྟ་བ་དང་ལོ་རྒྱུས་ལྟ་བ། མི་རིགས་ལྟ་བ། རིག་གནས་ལྟ་བ། ཆོས་ལུགས་ལྟ་བ་བཅས་ཆགས་པར་བྱེད་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཆོས་ལུགས་ལས་དོན་དོ་དམ་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། སྐུ་འབུམ་དགོན་པས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བར་ནུས་པ་ཆེན་པོ་འདོན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་ལ། རྒྱ་ཆེའི་གྲྭ་བས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པ་དང་ཆོས་དད་མང་ཚོགས་ལ་ཞབས་འདེགས་ཞུ་བར་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱེད་པ་དང་། སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་འདེད་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་ཞེས་བསྟན།

པད་ཁོ་ཡིས་ད་དུང་རིག་དངོས་སྲུང་སྐྱོབ་དང་མེ་གསོད་བདེ་འཇགས་སོགས་ཀྱི་བྱ་བ་སྔར་ལས་བཟང་བོར་སྒྲུབ་པར་རེ་བ་བཏོན།

བཀྲ་ཤིས་འབུམ་གྱིས་བསྒྱུར།