མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་ཉིས་སྟོང་ཉེར་གཉིས་ལོའི་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས།
2023.02.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་བ་དང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར། ཉེ་ལམ། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གལ་ཆེན་ལ་རྒྱུས་ལོན་གཏིང་ཟབ་བྱས་ལ། འདུ་ཤེས་བཞི་ཇེ་དྲག་ཏུ་བཏང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་བཏང་ཞིང་། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་རྒྱུ་དེ་བརྗོད་སྙིང་དུ་བྱས་ལ། ཞིང་ཆེན་སྲིད་གཞུང་གི་བྱ་བའི་གནས་ཚུལ་དངོས་ལ་འབྲེལ་འདྲིས་དམ་ཟབ་བྱས་པ་དང་། གནད་དོན་ལ་ལྟ་ཞིབ་ཟབ་མོ་བྱས་ཤིང་། ཏང་གཤིས་དབྱེ་ཞིབ་སྤེལ་ནས། སྐྱོན་བརྗོད་དང་རང་སྐྱོན་ངོས་ལེན་བྱས།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་གྲོས་ཚོགས་ལ་ཞུགས་པ་དང་། ཞིང་ཆེན་ཏང་ཨུའི་ལྟ་སྐུལ་ཚན་ཆུང་གི་འབྲེལ་ཡོད་བློ་མཐུན་གྲོས་ཚོགས་ལ་ཞུགས་ནས་མཛུབ་སྟོན་བྱས།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡིས་ཐེངས་འདིའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ལ་ཧ་ཅང་མཐོང་ཆེན་བྱས། གྲོས་ཚོགས་སྔོན་དུ། ཆེད་དུ་ཇུས་གཞི་གཏན་འབེབས་བྱས་པ་དང་། མི་སྒེར་གྱི་རང་སྦྱོང་བྱས་པ་དང་སེམས་གཏམ་གླེང་བ་དང་གླེང་མོལ་བྱས་ནས། བསམ་འཆར་བསྡུ་ལེན་རྒྱ་ཆེར་བྱས་པ་དང་། གནད་དོན་ལ་བརྟག་བཤེར་ཟབ་མོ་བྱས་ལ། ཞིབ་བསྡུར་ཞིབ་བཤེར་གྱི་ཡིག་ཆ་ནན་ཏན་སྒོས་བྲིས་པ་དང་། གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། དམངས་གཙོ་འཚོ་བའི་གྲོས་ཚོགས་བཟང་བོར་བསྡུ་ཆེད་རྨང་གཞི་བརྟན་པོ་བཏིངས། ཚོགས་ཐོག་ཏུ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་དམངས་གཙོ་འཚོ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་དག་ཐེར་ལེགས་བཅོས་གནས་ཚུལ་དང་ཐེངས་འདིའི་དམངས་གཙོ་འཚོ་བའི་གྲོས་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ལ། སྲིད་གཞུང་ཚན་ཁག་གི་ཁོངས་མིས་གཅིག་བསྡུས་སྒོས་སློབ་སྦྱོང་དང་བགྲོ་གླེང་བྱས།

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཚབ་བྱས་ནས་ཞིབ་བསྡུར་ཞིབ་བཤེར་བྱས་པ་དང་། འགོ་ཁྲིད་དེ་མི་སྒེར་གྱི་དབྱེ་ཞིབ་སྤེལ་ནས། རང་འགུལ་གྱིས་སྐྱོན་བརྗོད་དང་ལེན་བྱས། དེའི་རྗེས། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་གཞན་པས་རེ་རེ་བཞིན་ཞིབ་བསྡུར་ཞིབ་བཤེར་དང་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་པ་དང་། གནད་དོན་ཞིབ་བཤེར་ཟབ་མོ་བྱས་ལ། སྦ་གསང་མེད་པར་ཕན་ཚུན་ལ་སྐྱོན་བརྗོད་བྱས་པ་དང་། དག་ཐེར་ལེགས་བཅོས་ནན་མོ་བྱས་ནས། བསམ་བློ་བརྗེ་རེས་དང་གནད་དོན་ལ་ལྟ་ཞིབ་བྱེད་པ། མཐུན་སྒྲིལ་ཇེ་ཟབ་ཏུ་གཏོང་བ། མཉམ་དུ་མཐོར་འདེགས་གཏོང་བའི་དམིགས་འབེན་མངོན་འགྱུར་བྱས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་རྩོམ་པའི་ལོ་དང་། སྐབས་གསར་བའི་ཞིང་ཆེན་སྲིད་གཞུང་གིས་ཁྲིམས་ལྟར་འགན་སྒྲུབ་བྱེད་འགོ་རྩོམ་པའི་ལོ་ཡིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་བློ་མཐུན་གྱིས་ཐེངས་འདིའི་དམངས་གཙོ་འཚོ་བའི་གྲོས་ཚོགས་འགོ་ཚུགས་ས་གསར་བ་རུ་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག ཚད་གཞི་སྔར་ལས་མཐོ་བ་དང་རེ་བ་སྔར་ལས་ནན་མོ། བྱེད་ཐབས་སྔར་ལས་བཟང་བོ་སྤྱད་དེ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚན་ཁག་གི་གོང་བུར་སྒྲིལ་ཤུགས་དང་འཐབ་འཛིན་ནུས་པ། ལག་བསྟར་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས། ཆབ་སྲིད་ཐད་ཀྱི་ལྷག་བསམ་ཇེ་བརྟན་དུ་གཏོང་བའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ། ལག་བསྟར་ནན་མོ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱེད་པ། རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱས་ནས། ཆབ་སྲིད་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ་དང་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ། ཆབ་སྲིད་ཀྱི་ནུས་པ་མཐོར་འདེགས་སུ་གཏོང་དགོས། འགན་སྒྲུབ་ནུས་པ་མཐོར་འདེགས་སུ་གཏོང་བའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་པ་དང་། མ་ལག་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཉེན་ཁའི་འདུ་ཤེས་བརྟན་པོ་འཛུགས་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་ཇུས་ཀྱི་བསམ་བློ་དང་ལོ་རྒྱུས་ཀྱི་བསམ་བློ། རྩོད་སྒྲུབ་ཀྱི་བསམ་བློ། མ་ལག་བསམ་བློ། ཁྲིམས་སྐྱོང་བསམ་བློ། ཚད་མཐའི་བསམ་བློའི་ནུས་པ་མཐོར་འདེགས་སུ་གཏོང་བ། མདུན་ལྟ་རང་བཞིན་ལྡན་པའི་སྒོ་ནས་བསམ་གཞིགས་གཏོང་བ་དང་སྤྱི་ཡོངས་རང་བཞིན་གྱིས་འཆར་འགོད་བྱེད་པ། སྤྱི་ཁོག་ནས་ལས་དོན་སྣ་ཚོགས་སྤེལ་བར་སྐུལ་འདེད་བཏང་སྟེ། ས་ཁོངས་གཅིག་ལ་གཟི་བརྗིད་བརྩོན་ལེན་བྱེད་པ་དང་སྤྱི་ཡོངས་ལ་བྱས་རྗེས་འཇོག་དགོས། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་པ་དང་། དཔའ་སྐྱེད་འབད་བརྩོན་བྱེད་པ་དང་དཀའ་ངལ་གདོང་གིས་བསུ་བའི་སྙིང་སྟོབས་སྲུང་འཛིན་བྱེད་པ། ལས་གཉེར་ལས་སྐྲུན་གྱི་རང་རྟོགས་རང་བཞིན་དང་འགན་འཁྲིའི་འདུ་ཤེས་ཇེ་མཐོར་གཏོང་བ། སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་སྟེང་ཁག་ཁུར་འབད་འཐབ་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཐད་ནས་སྔར་ལས་ཁག་ཁུར་འབད་འཐབ་བྱེད་པ། དམངས་ཚིས་ཀྱི་བདེ་སྐྱིད་ཇེ་མཐོར་གཏོང་བའི་སྟེང་སྔར་ལས་ཁག་ཁུར་འབད་འཐབ་བྱེད་པ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་བྱ་བ་སྣ་ཚོགས་དམ་འཛིན་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་དགོས། འགོ་ཁྲིད་དེ་སྤྱོད་གཙང་སྒོས་སྲིད་དོན་སྐྱོང་བའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་པ་དང་། ཏང་ཆེན་པོར་ཁྱད་དུ་ཡོད་པའི་དཀའ་གནད་ཐག་གཅོད་པའི་རིག་པ་གསལ་བོ་དང་བློ་རྩ་བརྟན་པོ་ནམ་ཡང་སྲུང་འཛིན་བྱེད་པ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་འགན་འཁྲི་དང་གཙོ་གཞིའི་འགན་འཁྲི་ཕྲག་ཏུ་ལེན་པ། དག་གཙང་སྲིད་གཞུང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་སྲིད་གཞུང་རྒྱུན་མཐུད་ངང་འཛུགས་སྐྲུན་བྱེད་པ། འགོ་ཁྲིད་དེ་དག་གཙང་ཚུལ་ལྡན་རྒྱུན་འཁྱོངས་བྱས་ནས། སྲིད་གཞུང་མ་ལག་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཟང་བོར་སྤེལ་དགོས། སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྟེང་རྒྱུན་མཐུད་ངང་ཤུགས་འདོན་པ་དང་། ལག་བསྟར་དམ་འཛིན་བྱེད་པའི་ཁྲིད་ཕྱོགས་མངོན་གསལ་འཛུགས་པ། ལྟ་ཞིབ་ཕན་བརྩོན་གྱི་ལག་བསྟར་མ་ལག་འཐུས་ཚང་དུ་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་མཐའ་གཅིག་ཏུ་བཅོས་སྐྱོང་བྱེད་པ། སྤྱོད་ཚུལ་འཛུགས་སྐྲུན་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། སྤྱོད་ཚུལ་བསྒྱུར་བ་དང་སྔོན་ཐོན་བརྩོན་ལེན་བྱེད་པའི་ཆེད་དོན་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ། ཧུར་ཐག་གིས་སྲིད་གཞུང་གི་སྤྱོད་ཚུལ་བསྒྱུར་བར་བརྟེན་ནས་སྲིད་གཞུང་གི་བྱ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་དགོས།

རིན་ཆེན་མཚོས་བསྒྱུར།