ཟླ་གཉིས་པའི་ཚེས་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཐེ་ཝན་བྱ་བའི་གཞུང་སྒྲུབ་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐེ་ཝན་བྱ་བའི་གཞུང་སྒྲུབ་ཁང་གིས་པེ་ཅིང་ཏའོ་ཡུས་ཐེ་རྒྱལ་མགྲོན་ཁང་དུ་ཉིས་སྟོང་ཉེར་གསུམ་ལོའི་ཐེ་ཝན་གྱི་ཚོང་བས་ལོ་སར་རོལ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཐེ་ཝན་ཚོང་བའི་འཐུས་མི་ལྔ་བཅུ་ལྷག་བཞུགས་མོལ་ཚོགས་འདུར་ཞུགས།
ཀྲུང་གུང་ཀྲུང་དབྱང་ཐེ་ཝན་བྱ་བའི་གཞུང་སྒྲུབ་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐེ་ཝན་བྱ་བའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་སུང་ཐའོ་ཡིས་རྒྱ་ཆེའི་ཐེ་ཝན་ཚོང་བར་ལོ་སར་གྱི་རྟེན་འབྲེལ་ཞུས། ཁོས་བཤད་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་སར་ཤིས་ཚིག་ནང་དུ་མཚོ་འགག་འགྲམ་གཉིས་ནི་ཁྱིམ་ཚང་གཅིག་གི་མི་ཡིན་ལ། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླས་མཉམ་དུ་འབད་འཐབ་བྱེད་པ་དང་ལག་རྡང་སྦྲེལ་ཏེ་མདུན་དུ་བསྐྱོད་ནས་ཀྲུང་ཧྭ་མི་རིགས་ལ་མཉམ་དུ་བདེ་སྐྱིད་བསྐྲུན་དགོས་ཞེས་བསྟན་ཡོད། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་དུས་རབས་གསར་བའི་ཏང་གིས་ཐེ་ཝན་གནད་དོན་ཐག་གཅོད་པའི་སྤྱིའི་ཇུས་གཞི་ཕྱོགས་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱས་ཏེ། ཐེ་ཝན་སྤུན་ཟླར་བརྩི་འཇོག་དང་གཅེས་སྐྱོང་། བདེ་སྐྱིད་བསྐྲུན་དགོས་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བར་འབད་བརྩོན་བྱས་ནས། མཚོ་འགག་འགྲམ་གཉིས་ཀྱི་འགྲོ་འོང་རྒྱུན་ལྡན་ཅན་དང་བརྗེ་རེས་རྒྱུན་རྣམ་ཅན་དུ་འགྱུར་བ་སྔ་མོ་ནས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་མུ་མཐུད་དུ་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་བསྐྲུན་དགོས། རྒྱ་ཆེའི་ཐེ་ཝན་སྤུན་ཟླ་དང་ཐེ་ཝན་གྱི་ཚོང་བས་བློ་ཐག་རྦད་ཆོད་སྒོས་ཐེ་ཝན་རང་བཙན་གྱི་ཁ་བྲལ་བྱ་འགུལ་ལ་ངོ་རྒོལ་བྱེད་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་སུ་འགྲོ་བ་དང་མེས་རྒྱལ་གྱི་ཞི་བའི་གཅིག་གྱུར་གྱི་འཕེལ་རིམ་ལ་མཉམ་དུ་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་སྐྱོད་ལམ་གསར་བར་བྱས་རྗེས་གསར་བ་འཇོག་དགོས།
རྒྱལ་ཡོངས་ཐེ་ཝན་ཁེ་ལས་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་ལིས་ཀྲིན་ཧོང་གིས་བཤད་རྒྱུར། ལོ་གསར་བའི་ནང་སྐམ་ས་ཆེན་པོ་རུ་འཕེལ་རྒྱས་ཀྱི་བར་སྟོང་ཡངས་ཤིང་མདུན་ལྗོངས་རྒྱ་ཆེན་པོ་ཡོད་པས། རྒྱ་ཆེའི་ཐེ་ཝན་ཚོང་བས་སྐམ་ས་ཆེན་པོ་རུ་གཞི་ཆགས་ནས་འཕེལ་རྒྱས་སུ་གཏོང་བར་ཡིད་ཆེས་བརྟན་པོ་ཡོད། ཀོང་ཞིའི་ཐེ་ཝན་ཚོང་བ་ཀྲོང་ཅིག་དབྱི་ཡིས་བཤད་རྒྱུར། མཚོ་འགག་འགྲམ་གཉིས་གཅིག་གྱུར་ཡོང་བ་ནི་ཀྲུང་ཧྭ་མི་རིགས་ཀྱིས་ཅིས་ཀྱང་ཡོངས་འགྲུབ་བྱེད་པའི་ལོ་རྒྱུས་ཀྱི་ལས་དོན་ཆེན་པོ་ཞིག་ཡིན་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླས་ལག་རྡང་སྦྲེལ་ཏེ་མདུན་དུ་བསྐྱོད་པ་དང་མཚོ་འགག་འགྲམ་གཉིས་ཀྱི་གཅིག་གྱུར་འཕེལ་རིམ་ལ་མཉམ་དུ་སྐུལ་འདེད་གཏོང་བ་ཡིན་ཟེར།
བཞུགས་མོལ་ཚོགས་འདུའི་རྗེས་སུ་མཉམ་འབྲེལ་བྱ་འགུལ་སྤེལ། ཚོགས་འདུར་ཞུགས་པའི་མི་སྣ་མཉམ་འཛོམས་བྱུང་ནས་ལོ་སར་ལ་རོལ་ཞིང་སེམས་གཏམ་བརྗོད་པ་དང་འཕེལ་རྒྱས་སྐོར་གླེང་།
བཀྲ་ཤིས་འབུམ་གྱིས་བསྒྱུར།