པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་བསྡུས་ནས་ལོ་གཅིག་འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་དངོས་སུ་སྤེལ་མགོ་བརྩམས།
2023.02.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་གཉིས་པའི་ཚེས་བཞི་ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་ཀྱི་སྟེང་དུ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་བསྡུས་ནས་ལོ་གཅིག་འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བའི་མཛད་སྒོ་པེ་ཅིང་རྒྱལ་སའི་ངར་ལྕགས་གླིང་དུ་བསྡུས་པ་དང་། མཛད་སྒོའི་སྟེང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི་ཡིས་བརྙན་ལམ་ནས་ཤིས་ཚིག་ཕུལ་ཏེ། ཀྲུང་གོ་མི་དམངས་ལ་ལུགས་རྙིང་ལོ་སར་གྱི་སྨོན་འདུན་ཞུས་པ་དང་། པེ་ཅིང་ཨོ་རྩལ་འགྲན་ཚོགས་བསྡུས་ཏེ་ལོ་གཅིག་འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པར་མ་ཟད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱིས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཤུལ་བཞག་སྣ་མང་ཕུན་སུམ་ཚོགས་པ་བསྐྲུན་ཡོད་ཅིང་། དེས་རྒྱ་ཆེའི་མང་ཚོགས་ལ་ཕན་པ་དངོས་ཐོབ་པར་བྱས་ཏེ། ཕྱོགས་མང་པོའི་ཐད་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཚད་གཞི་གསར་པ་བཟོས་པར་བསྟོད་བསྔགས་བྱས།

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་དང་ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། པེ་ཅིང་གྲོང་ཁྱེར། ཧི་པེ་ཞིང་ཆེན་བཅས་ཀྱིས་མཉམ་འབྲེལ་སྒོས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་བསྡུས་ཏེ་ལོ་གཅིག་འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ།  ཟླ་གཉིས་པ་ནས་ཟླ་གསུམ་པའི་བར་དུ། པེ་ཅིང་དང་ཧི་པེ་ས་གནས་གཉིས་ཀྱིས་མང་ཚོགས་རང་བཞིན་གྱི་ལུས་རྩལ་བྱེད་སྒོ་དང་ཨོ་རྩལ་འགྲན་ཚོགས་ཀྱི་རིག་གནས་ཚོང་འདུས་ཆེན་མོ་སོགས་དྲན་གསོའི་བྱེད་སྒོ་སྣ་ཚོགས་སྤེལ་ནས། འཛམ་གླིང་ཡོངས་དང་མཉམ་དུ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མཛེས་སྡུག་ལྡན་པའི་དྲན་ཤེས་དང་ཨོ་རྩལ་འགྲན་ཚོགས་ཀྱི་ཤུལ་བཞག་རྒྱུན་འཛིན་དང་བེད་སྤྱོད་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་རྒྱུ་ཡིན་པར་མ་ཟད། གངས་འཁྱགས་ལུས་རྩལ་རྒྱུན་མཐུད་ངང་ཁྱབ་བརྡལ་གཏོང་རྒྱུ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།