སྡེ་ཁག་གསུམ་གྱིས་མཉམ་འབྲེལ་སྒོས་རྒན་གསོ་དང་ཁྱིམ་སྲིད་ཞབས་ཞུ་ཚད་ལྡན་ཅན་གྱི་ཆེད་དོན་བྱ་སྤྱོད་ཇུས་གཞི་ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།
2023.02.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 44

གསར་འགོད་པས་ཟླ་གཉིས་པའི་ཚེས་གཉིས་ཉིན་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་རྒྱལ་གྱིས་རྒན་གསོ་དང་ཁྱིམ་སྲིད་ཞབས་ཞུ་ཚད་ལྡན་ཅན་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ལོ་ལོན་རྒན་པའི་སྣ་མང་ཅན་དང་རིམ་པ་མང་བའི་རྒན་གསོ་ཞབས་ཞུའི་དགོས་མཁོ་བསྐངས་ཏེ། ཁྱིམ་སྲིད་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་སྔར་ལས་མཐོ་རུ་གཏོང་བ་དང་རྒྱ་སྐྱེད་ལ་སྐུལ་འདེད་གཏོང་རྒྱུ་རེད།

ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་དང་དམངས་སྲིད་པུའུ། ཚོང་དོན་པུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་རྒན་གསོ་དང་ཁྱིམ་སྲིད་ཞབས་ཞུ་ཚད་ལྡན་ཅན་གྱི་ཆེད་དོན་བྱ་སྤྱོད་ཇུས་གཞི་ཞེས་པ་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས་ནས། ཉིས་སྟོང་ཉེར་ལྔ་ལོར་སླེབས་སྐབས། རྒན་གསོ་དང་ཁྱིམ་སྲིད་ཞབས་ཞུ་ཚད་ལྡན་ཅན་དུ་གཏོང་བའི་ལས་དོན་གྱི་སྤྱིའི་དམིགས་འབེན་དང་དེའི་ཕྱོགས་ཆེན་པོ་བཞི།  གཙོ་གནད་ལས་འགན་བཅུ་བཅས་དངོས་སུ་བཏོན།

ཚད་གཞིའི་མ་ལག་འཛུགས་སྐྲུན་གྱི་ཐད་ནས། བྱ་སྤྱོད་ཇུས་གཞིའི་ནང་རྒན་གསོ་དང་ཁྱིམ་སྲིད་ཞབས་ཞུའི་ཚད་གཞིའི་མཁོ་སྤྲོད་གྲུབ་ཆ་ཇེ་ལེགས་སུ་བཏང་ནས་ལས་རིགས་དོ་དམ་ལ་འདེགས་སྐྱོར་བྱེད་པ་དང་། ཞབས་ཞུའི་སྤུས་ཚད་སྔར་ལས་མཐོ་རུ་གཏོང་བ། ཐོན་ལས་གྱི་ཚུལ་སྒྱུར་རིམ་སྤོར་ལ་སྣེ་ཁྲིད་བྱེད་པ་བཅས་ཕྱོགས་གསུམ་གྱི་ཐད་ནས་གཙོ་གནད་ཚད་གཞིའི་ལམ་ལུགས་བཟོ་བཅོས་ཀྱི་ལས་གཞི་བཏོན་ཡོད། ཚད་གཞི་ལག་བསྟར་དང་ལས་རིགས་འཕེལ་རྒྱས་ཀྱི་འཆར་འགོད་དང་བཅོས་སྒྱུར་ལས་འགན། ཆེད་དོན་བྱ་སྤྱོད་སོགས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུར་སྔར་ལས་ཤུགས་བསྣན་ཏེ། འཛད་སྤྱོད་པར་ཞབས་ཞུའི་ཚད་གཞི་གསལ་སྟོན་བྱེད་པ་དང་ཚད་གཞི་ལག་བསྟར་གྱི་ཆ་འཕྲིན་སྐོར་ནས་ལན་གསལ་བོ་འདེབས་པའི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། ཚད་གཞི་ཅན་གྱི་ཚོད་ལྟའི་དཔེ་སྟོན་ལས་གཞི་བརྒྱ་དང་ལྔ་བཅུ་ཁག་བགོས་ཀྱིས་བཀོད་སྒྲིག་བྱེད་པ་སོགས་ཀྱི་ལས་འགན་བཏོན་ཡོད།

ཚད་ལྡན་ཅན་གྱི་ནུས་པ་འཛུགས་སྐྲུན་གྱི་ཐད་ནས། བྱ་སྤྱོད་ཇུས་གཞིའི་ནང་ཚད་ལྡན་ཅན་གྱི་ཤེས་བྱ་དེ་རྒན་གསོ་དང་ཁྱིམ་སྲིད་གཉེར་མཁན་གྱི་རྩལ་ནུས་གསོ་སྦྱོང་ཁྲོད་བཅུག་ནས། ཚད་གཞི་འདེགས་སྐྱོར་དུ་བྱེད་པ་དང་ལས་ཞུགས་མི་སྣ་དང་ཞབས་ཞུའི་སྒྲིག་གཞིར་ཁྱབ་པའི་གདེང་འཇོག་ལམ་སྲོལ་འཛུགས་པ། རྒན་གསོ་དང་ཁྱིམ་སྲིད་ཞབས་ཞུའི་ཁྱབ་ཁོངས་ཀྱི་རྒྱལ་ནང་དང་རྒྱལ་སྤྱིའི་ཚད་གཞི་འབྲེལ་མཐུད་ཡོང་བར་སྐུལ་སྤེལ་གཏོང་བ། རྒྱལ་སྤྱིའི་ཚད་གཞི་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཚད་གཞི་མཐོ་བའི་ཞབས་ཞུའི་ལས་རིགས་ཀྱི་སྒོ་འབྱེད་ལམ་ལུགས་མ་ལག་འཛུགས་པར་འདེགས་སྐྱོར་བཅས་བྱེད་དགོས་ཞེས་དངོས་སུ་བཏོན་ཡོད།

མ་འོངས་པར་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས་དམངས་སྲིད་པུའུ་དང་ཚོང་དོན་པུའུ་དང་མཉམ་དུ། མི་དམངས་མང་ཚོགས་ཀྱི་དངོས་ཡོད་དགོས་མཁོར་མུ་མཐུད་དོ་ཁུར་བྱེད་རྒྱུ་ཡིན་ལ། རྒན་གསོ་དང་ཁྱིམ་སྲིད་ཞབས་ཞུའི་ཚད་གཞིའི་མ་ལག་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། ཞབས་ཞུའི་ཚད་གཞི་ཡི་རིམ་སྤོར་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་གཏོང་བ། ཚད་གཞི་ལྟར་རྒན་གསོ་དང་ཁྱིམ་སྲིད་ཞབས་ཞུའི་ལས་རིགས་ཀྱི་ཚད་ལྡན་ཅན་དང་སྤུས་ཚད་ཅན། གཞི་གྲངས་ཅན། མཉམ་འདྲེས་ཅན་བཅས་ཀྱི་འཕེལ་རྒྱས་ལ་ཁྲིད་སྟོན་བཅས་བྱས་ནས། ཚད་ལྡན་ཅན་དང་རྒན་གསོ་དང་ཁྱིམ་སྲིད་ལས་རིགས་མཉམ་འགུལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གྲུབ་པར་བྱེད་རྒྱུ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།