ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤུས་ཚད་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་རྩ་གནད་ཅེས་པ་པར་སྐྲུན་འགྲེམས་སྤེལ་བྱས།
2023.02.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 72

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤུས་ཚད་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་རྩ་གནད་ཅེས་པ་པར་སྐྲུན་འགྲེམས་སྤེལ་བྱས།

རྩ་གནད་ནང་བསྟན་དོན། སྤུས་ཚད་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རང་རྒྱལ་གྱི་དཔལ་འབྱོར་འདི་ཉིད་ཆེ་བ་ནས་སྟོབས་ལྡན་དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། མི་དམངས་ཀྱི་མཛེས་སྡུག་གི་འཚོ་བའི་དགོས་མཁོ་བསྐོང་བའི་བརྒྱུད་ལམ་གལ་ཆེན་ཞིག་ཀྱང་ཡིན། དེང་སྐབས་ཀྱི་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་རིམ་པར་བྱུང་དང་འབྱུང་བཞིན་ཡོད་ཅིང་། ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་བྱེད་ཐེངས་གསར་པ་འཕེལ་རྒྱས་གཏིང་ཟབ་ཏུ་འགྲོ་བཞིན་ཡོད་པའི་དབང་གིས། དེ་དང་བསྟུན་ནས་སྤུས་ཚད་འདུ་ཤེས་དང་ལམ་སྲོལ། ལག་ལེན་བཅས་ལ་འཕོ་འགྱུར་གཏིང་ཟབ་འབྱུང་བཞིན་ཡོད། གནས་བབ་གསར་པ་དང་བླང་བྱ་གསར་པའི་མདུན་དུ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྐང་ཚུགས་ས་དེ་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བའི་སྟེང་ངེས་པར་དུ་བསྒྱུར་ཐུབ་པར་བྱས་ཏེ། ལག་རྩལ་དང་ཚད་གཞི། མིང་གྲགས་ཐོན་རྫས། སྤུས་ཚད། ཞབས་ཞུ་སོགས་གཙོ་གནད་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་བསྐྱེད་ནས། ཀྲུང་གོའི་བཟོ་སྐྲུན་འདི་ཉིད་ཀྲུང་གོའི་གསར་གཏོད་ལ་བསྒྱུར་བ་དང་། ཀྲུང་གོའི་མྱུར་ཚད་དེ་ཀྲུང་གོའི་སྤུས་ཚད་ལ་བསྒྱུར་བ། ཀྲུང་གོའི་ཐོན་རྫས་དེ་ཀྲུང་གོའི་མིང་གྲགས་ཐོན་རྫས་སུ་བསྒྱུར་བ་བཅས་བྱས་ནས། བློ་བརྟན་འགྱུར་མེད་ངང་སྤུས་ཚད་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

རྩ་གནད་ཁྲོད་བཏོན་པའི་དམིགས་འབེན་གཙོ་བོ་ནི། ཉིས་སྟོང་ཉེར་ལྔ་ལོར་སླེབས་སྐབས། སྤུས་ཚད་ཀྱི་སྤྱིའི་ཆུ་ཚད་སྔར་ལས་ཁྱོན་ཡོངས་ནས་འཕེལ་བར་བྱེད་པ་དང་། ཀྲུང་གོའི་མིང་གྲགས་ཐོན་རྫས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་བརྟན་པོའི་ངང་འཕེལ་བར་བྱེད་པ། མི་དམངས་མང་ཚོགས་ཀྱི་སྤུས་ཚད་ཐད་ཀྱི་ཐོབ་ཚོར་དང་བློ་ཡིད་ཚིམ་ཚད་མངོན་གསལ་སྒོས་ཆེ་རུ་འགྲོ་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤུས་ཚད་ཀྱི་ནུས་པ་སྔར་ལས་མངོན་གསལ་ཅན་དུ་འགྲོ་བ། སྤུས་ཚད་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་དུས་རིམ་རང་བཞིན་གྱི་ཕན་འབྲས་ཐོབ་པ་བཅས་མངོན་འགྱུར་བྱེད་དགོས། དེ་ལས་གཞན་ད་དུང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མངོན་གསལ་སྒོས་ཇེ་ཆེར་འགྲོ་བ་དང་། ཐོན་ལས་ཀྱི་སྤུས་ཚད་དང་འགྲན་རྩོད་ནུས་པ་རྒྱུན་མཐུད་ངང་ཇེ་ཆེར་འགྲོ་བ། ཐོན་རྫས་དང་བཟོ་སྐྲུན། ཞབས་ཞུའི་སྤུས་ཚད་བཅས་ཀྱི་ཆུ་ཚད་མངོན་གསལ་སྒོས་ཇེ་ཆེར་འགྲོ་བ། མིང་གྲགས་ཐོན་རྫས་འཛུགས་སྐྲུན་ལ་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བ། སྤུས་ཚད་ཀྱི་རྨང་གཞིའི་སྒྲིག་ཆས་སྔར་ལས་དེང་རབས་ཅན་དུ་འཕེལ་བ་དང་ཕན་འབྲས་སྔར་ལས་ཇེ་ཆེར་འགྲོ་བ། སྤུས་ཚད་བཅོས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་མངོན་འགྱུར་བྱེད་དགོས། དེ་མིན་ད་དུང་ཉིས་སྟོང་སོ་ལྔ་ལོར་སླེབས་སྐབས། སྤུས་ཚད་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། སྔོན་ཐོན་གྱི་སྤུས་ཚད་དང་རིག་གནས་སྲོལ་བཟང་ཅན་དུ་བསྒྱུར་བ། སྤུས་ཚད་དང་མིང་གྲགས་ཐོན་རྫས་ཀྱི་ཕྱོགས་བསྡུས་དངོས་ཤུགས་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་འགྲོ་བ་བཅས་མངོན་འགྱུར་བྱེད་དགོས།

རྩ་གནད་ལས་ད་དུང་དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་ཀྱི་སྤུས་ཚད་དང་འགྲན་རྩོད་བྱེད་ནུས་ཇེ་ཆེར་གཏོང་བ། ཐོན་རྫས་ཀྱི་སྤུས་ཚད་དང་རིམ་སྤོར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། འཛུགས་སྐྲུན་བཟོ་སྐྲུན་གྱི་སྤུས་ཚད་ཇེ་མཐོར་གཏོང་བ། ཞབས་ཞུ་སྤུས་ལེགས་མཁོ་འདོན་མང་དུ་གཏོང་བ་སོགས་ཀྱི་ཐད་ནས་ཀྱང་བླང་བྱ་བཏོན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།