ཟླ་གཉིས་པའི་ཚེས་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་བྱས་ཏེ་བཞུགས་མོལ་ཚོགས་འདུ་བསྡུས་ནས་ལས་རིགས་སོ་སོའི་མི་སྣ་དང་གཞི་རིམ་གྱི་འཐུས་ཚབ་པས་སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཡིག་ཐད་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྲོས་ཚོགས་ལ་ཞུགས།
ཆེད་ལས་མཁས་པ་དང་ཁེ་ལས་པ། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་ལས་རིགས་ཀྱི་མི་སྣ། གཞི་རིམ་མང་ཚོགས་བཅས་ཀྱི་འཐུས་ཚབ་པ་དགུ་ཡིས་གཏམ་བཤད།
ལིས་ཁི་ཆང་གིས་བཤད་རྒྱུར། ན་ནིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་དང་ལྡན་པའི་མགོ་ཁྲིད་འོག་ཏུ། རང་རྒྱལ་གྱི་འཕེལ་རྒྱས་ཐད་ཐོབ་སླ་མོ་མིན་པའི་གྲུབ་འབྲས་གསར་པ་ཐོབ། རིམས་ནད་སོགས་སྔོན་དཔག་ལས་བརྒལ་བའི་རྒྱུ་རྐྱེན་གྱིས་དཔལ་འབྱོར་ཐད་བཟོས་པའི་བརྡབ་གསིག་ཚབས་ཆེན་ལ་ང་ཚོས་ཁ་གཏད་ནུས་ལྡན་འཇལ་བ་དང་། གཏན་འཁེལ་སྲིད་ཇུས་སྔོན་ལ་ལག་བསྟར་བྱས་ཤིང་། དཔལ་འབྱོར་བརྟན་འཇགས་སུ་གཏོང་བའི་སྲིད་ཇུས་དང་རྗེས་མཐུད་བྱེད་ཐབས་རབ་དང་རིམ་པ་བཏོན་པར་མ་ཟད། རྒྱལ་ཡོངས་ཀྱི་དཔལ་འབྱོར་གཞི་རྩ་ཇེ་བརྟན་དུ་གཏོང་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་པ་དང་། ཐུན་མོང་གི་འབད་བརྩོན་ལ་བརྟེན་ནས་སྤྱི་ཁོག་དཔལ་འབྱོར་གྱི་ཆེ་ས་བརྟན་འཇགས་སུ་བཏང་བ་དང་མཁར་གྲོང་དུ་མི་བྱེ་བ་གཅིག་དང་ས་ཡ་གཉིས་ལྷག་གསར་དུ་ལས་ཞུགས་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་ཁུལ་གནས་སུ་སྲུང་འཛིན་བྱེད་ཐུབ་པར་བྱས། གྲུབ་འབྲས་དེ་ནི་ཐོབ་སླ་མོ་ཞིག་མིན་པར་ཧ་ཅང་དཀའ་ཚེགས་ཆེ་བ་ཞིག་ཡིན་ཟེར།
ལིས་ཁི་ཆང་གིས་བཤད་རྒྱུར། འདས་པའི་ལོ་ལྔའི་ནང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་པ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ་རང་རྒྱལ་གྱི་འཕེལ་རྒྱས་ཐད་གྲུབ་འབྲས་ཆེན་པོ་བླངས་ལ། དཔལ་འབྱོར་ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་ལྔ་དང་གྲངས་ཆུང་གཉིས་འཕར་བ་མངོན་འགྱུར་བྱས། སྤྱི་ཁོག་སྙོམས་སྒྲིག་གསར་སྐྲུན་དང་ནུས་ལྡན་ཕན་མཐོའི་སྲིད་ཇུས་སྤྱད་དེ་དངོས་གོང་བརྟན་འཇགས་ཡོང་བར་ཕན་ཡོད་ཆ་རྐྱེན་བསྐྲུན་པ་དང་། སྲིད་ཇུས་ལག་བསྟར་བྱེད་ཐབས་གསར་སྐྲུན་བྱས་ཏེ་ཁྲོམ་རའི་གཙོ་གཞིའི་དགོས་མཁོར་དམིགས་ཏེ་ནུས་ཤུགས་ཆེན་པོ་བཏོན། བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་བཏང་བ་དང་། ཁུ་སྡུད་དབང་སྤྲོད་དང་གློད་སྡོམ་ཟུང་འབྲེལ། ཞབས་ཞུ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་མ་ཟད། དམངས་ཀྱིས་བྱ་བཞག་བསྐྲུན་པ་དང་ཀུན་གྱིས་གསར་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ་ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་སྐྲུན་བྱེད་ནུས་ཆེ་རུ་བསྐྱེད། མི་དམངས་ཀྱི་རེ་འདོད་དེ་སྲིད་ཇུས་ལག་བསྟར་བྱེད་པའི་ཁ་ཕྱོགས་སུ་བྱས་ཏེ་དམངས་འཚོའི་གནད་དོན་གཙོ་བོ་ཐག་བཅད་པ་དང་། དངོས་ཐོག་བདེན་འཚོལ་དང་ཆོས་ཉིད་ལ་བརྩི་འཇོག་བྱས་ཏེ་དངོས་བསྒྲུབས་ལ་བརྟེན་ནས་གྲུབ་འབྲས་བཟང་བོ་གསར་སྐྲུན་བྱས། ཡིན་ཡང་། ང་ཚོས་དཔལ་འབྱོར་བརྟན་འཇགས་འཁོར་སྐྱོད་ཐད་ད་རུང་ཉེན་ཁ་དང་འགྲན་རྩོད་མང་པོ་གནས་པ་གསལ་བོར་མཐོང་ཐུབ་ཟེར།
ལིས་ཁི་ཆང་གིས་བཤད་རྒྱུར། རང་རྒྱལ་གྱི་དཔལ་འབྱོར་འཕར་ཚད་དེ་ན་ནིང་གི་ལོ་མཇུག་ལ་ཇེ་བརྟན་དུ་སོང་ནས་ད་ལོའི་ལོ་མགོར་བསྐྱར་འཕར་འབྱུང་བཞིན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་བྱེད་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་པ། དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་རྒྱུན་མཐུད་ངང་ལག་བསྟར་བྱེད་པ། མིག་སྔའི་བྱ་བ་ཏན་ཏིག་གིས་བཟང་བོར་སྒྲུབ་སྟེ་དཔལ་འབྱོར་འཁོར་སྐྱོད་བསྐྱར་འཕར་གྱི་རྣམ་པ་མུ་མཐུད་དུ་རྒྱ་བསྐྱེད་དགོས་ཟེར།
སུན་ཁྲུན་ལན་དང་ཧུའུ་ཁྲུན་ཧྭ། ལིའུ་ཧི། ཧི་ལིས་ཧྥིན། ཝང་ཡུང་། ཞའོ་ཅེ། ཀྲའོ་ཁི་ཀྲི་བཅས་གྲོས་ཚོགས་ལ་ཞུགས།
ལྷ་མོ་ཚེ་རིང་གིས་བསྒྱུར།