ཟླ་གཉིས་པའི་ཚེས་བདུན་ཉིན། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས་ཏེ། ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གི་བྱ་བའི་རེ་བ་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཤིང་། བྱ་བར་སྤྱི་བསྡོམས་བྱས་པ་དང་གནས་བབ་ལ་དབྱེ་ཞིབ་བྱས་པར་མ་ཟད་ཉིས་སྟོང་ཉེར་གསུམ་ལོའི་སྲིད་ཁྲིམས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ལིན་ཧུའུ་ཡིས་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་ལིས་ཧུང་ཡ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙིག་ཅུན་དང་ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཀྲ་ཆིན་ཅིག་གཉིས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ནས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱས་ཏེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། བློ་ཐག་རྦད་ཆོད་སྒོས་སྲུང་སྐྱོང་གཉིས་ལེགས་པར་སྒྲུབ་སྟེ། དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱི་སྲུང་དམག་བཟང་བོ་བྱེད་དགོས། སྲིད་ཁྲིམས་བྱ་བའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཏེ། ཧུར་ཐག་སྒོས་བསམ་བློའི་འདུ་ཤེས་དང་བྱ་བའི་མ་ལག བྱ་བའི་ནུས་པའི་ཐད་ནས་དེང་རབས་ཅན་མངོན་འགྱུར་བྱེད་དགོས། ཞིན་ཅང་དང་བོད་ལྗོངས་བརྟན་འཇགས་སུ་གཏོང་བའི་འཐབ་ཇུས་གོ་གནས་ཁོང་དུ་ཆུད་པར་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་རྒྱུན་མཐུད་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས། རང་ཞིང་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ་སོགས་འཐབ་ཇུས་བཀོད་སྒྲིག་གལ་ཆེན་གཅིག་སྡུད་བྱས་ཏེ། རང་རྟོགས་སྒོས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་དགོས། རྒྱུན་མཐུད་སྒོས་དུས་རབས་གསར་བའི་ཧྥིན་ཆའོ་ཉམས་མྱོང་མཚོ་སྔོན་དུ་ལག་ལེན་བཟང་བོ་བྱས་ཏེ། སྤྱི་ཚོགས་བདེ་འཇགས་ཀྱི་འགོག་སྡོམ་ཆུ་ཚད་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་བཅོས་སྐྱོང་དཔེ་མཚོན་མུ་མཐུད་ནས་འཐུས་ཚང་དུ་གཏོང་དགོས། ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་གྱི་བྱ་བ་སྣ་ཚོགས་གང་ལེགས་སྒོས་སྒྲུབ་པ་དང་། རྒྱུན་མཐུད་སྒོས་ཁྲིམས་སྐྱོང་ཁྲིམས་འཛིན་དབང་ཆ་བཀོལ་སྤྱོད་རྐྱེན་སྲོལ་བཅོས་སྒྱུར་གྱི་དོན་དག་གཙོ་བོའི་གཅིག་བསྡུས་མཁྲེགས་གཏོར་བྱ་བ་བཟང་བོར་སྒྲུབ་ནས། ཧུར་ཐག་སྒོས་ཁྲིམས་སྐྱོང་ཁྲིམས་འཛིན་ཐད་ནས་སྔར་ལས་དྲང་གཞག་དབང་ཟིལ་གྱི་ནུས་པ་ཆེན་པོ་ཐོབ་ཏུ་འཇུག་དགོས། གཟབ་ནན་སྒོས་ཆེད་ལས་ཅན་གྱི་བྱང་ཚད་མཐོ་བའི་མཚོ་སྔོན་སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་བྱེད་པ་དང་། ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་རང་ཉིད་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་དཀའ་སྤྱད་འབད་འཐབ་སྒོས་སྲིད་ཁྲིམས་བྱ་བའི་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བར་སྟོབས་དང་ལྡན་པའི་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་དགོས།
བཀྲ་ཤིས་འབུམ་གྱིས་བསྒྱུར།