ཟླ་གཉིས་པའི་ཚེས་དྲུག་ཉིན། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མཚོ་ཤར་གྲོང་ཁྱེར་དུ་ས་ཞིང་སྲུང་སྐྱོབ་ལ་ལྟ་སྐུལ་ཞིབ་བཤེར་བྱས་པའི་ཕྱིར་ལྡོག་གནད་དོན་བཅོས་སྒྲིག་ལ་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ས་ཞིང་སྲུང་སྐྱོབ་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་པ་དང་། བློ་ཐག་ཆོད་པའི་རྣམ་འགྱུར་དང་དངོས་གཉེར་གོ་ཆོད་ཀྱི་བྱེད་ཐབས་སྤྱད་ནས་སྟོབས་ཤུགས་ཡོད་རྒུས་ས་ཞིང་སྲུང་སྐྱོབ་ལ་ལྟ་སྐུལ་མཛུབ་སྟོན་བྱས་པའི་ཕྱིར་ལྡོག་གནད་དོན་རྩ་བ་ནས་ལེགས་བཅོས་བྱེད་དགོས།
ལིའུ་ཐའོ་སྔ་གཞུག་ཏུ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་དང་ལི་ཏུའུ་ཆུའུ། ཞོན་ཧྭ་རྫོང་བཅས་སུ་སོང་ནས་ས་ཞིང་སྲུང་སྐྱོབ་ལ་ལྟ་སྐུལ་མཛུབ་སྟོན་བྱས་པའི་དཔེ་མཚོན་རང་བཞིན་གྱི་གནད་དོན་གཙོ་བོའི་ལེགས་བཅོས་གནས་ཚུལ་ལ་ཡུལ་དངོས་ནས་ལྟ་ཞིབ་བྱས་པ་དང་། ལེགས་བཅོས་འཕེལ་རིམ་དང་ལེགས་བཅོས་བྱེད་ཐབས་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་བསྟན་དོན། ས་ཞིང་སྲུང་སྐྱོབ་ནི་རྒྱལ་དོན་གྱི་ཆེ་ཕྱོགས་ཡིན་པ་དང་། འབྲུ་རིགས་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས། སྤྱི་ཚོགས་གཏན་འཇགས་བཅས་དང་འབྲེལ་ཡོད་པས་སྔོན་ལ་སྲུང་སྐྱོབ་བྱེད་པ་དང་དོ་དམ་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱས་ནས་གནད་དོན་ལེགས་བཅོས་བྱེད་རྒྱུ་དུས་ལྟར་སྤུས་ཚད་མཐོ་བའི་ངང་ལེགས་འགྲུབ་བྱེད་དགོས།
ལིའུ་ཐའོ་ཡིས་ནན་གྱིས་བསྟན་དོན། བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་བྱ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ་དང་ས་ཞིང་སྲུང་སྐྱོབ་ཀྱི་དོན་སྙིང་གལ་ཆེན་གྱི་ངོས་ཟིན་གཏིང་ཟབ་ཏུ་གཏོང་བ། ས་ཞིང་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་དངོས་འབེབས་ནན་མོ་བྱེད་པ། ཞིང་ས་ཞིང་མིན་ཅན་དང་གཞི་རྩའི་ཞིང་ས་འབྲུ་མིན་ཅན་དུ་གཏོང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་ལེགས་བཅོས་བྱེད་ཐབས་ཇེ་དྲག་ཇེ་ཞིབ་ཏུ་གཏོང་བ། ད་ཡོད་ཀྱི་སྲིད་ཇུས་བེད་སྤྱོད་གང་ལེགས་བྱེད་པ། རྒྱལ་ཁབ་ཀྱི་པུའུ་དང་སྡེ་ཁག་གི་རྒྱབ་སྐྱོར་བརྩོན་ལེན་བྱས་ནས་བློ་ཐག་བཅད་ནས་ཁྲིམས་མཐུན་ལུགས་མཐུན་གྱིས་གནད་དོན་ལེགས་བཅོས་བྱེད་དགོས། རྒྱུན་རྣམ་ཅན་གྱི་ལྟ་རྟོག་ལ་ཤུགས་སྣོན་པ་དང་ཁྲིམས་བསྟར་ཐག་གཅོད་སྟེང་ཤུགས་སྣོན་པ། སྲུང་སྐྱོབ་འདུ་ཤེས་མཐོར་འདེགས་སུ་གཏོང་བ། ཁྲིམས་འགལ་གྱི་གནད་དོན་རྩ་བ་ནས་ཐག་གཅོད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་དང་། ས་ཞིང་སྲུང་སྐྱོབ་དང་ཞིང་བ་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་གཅིག་འདོམས་བྱེད་པ། མང་ཚོགས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། ཚན་རིག་དང་མཐུན་པའི་ངང་ས་ཞིང་བཅོས་སྒྲིག་རྣམ་གྲངས་ལག་བསྟར་བྱས་ནས་ཞིང་ཆེན་ཡོངས་གོ་སྐབས་དམ་འཛིན་གྱིས་འཕེལ་རྒྱས་འགྲོ་བར་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས།
མི་ཕམ་མགོན་པོས་བསྒྱུར།