ཟླ་གཉིས་པའི་ཚེས་བདུན་ཉིན། ཞིང་ཆེན་སྲིད་གཞུང་སློབ་གསོ་ལྟ་སྐུལ་སློབ་སྟོན་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ནན་ཏན་གྱིས་དངོས་འབེབས་བྱས་ལ། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ལས་འགན་གལ་ཆེན་བཅས་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གཞུང་སློབ་གསོ་ལྟ་སྐུལ་སློབ་སྟོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དབྱང་ཀྲི་ཝུན་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད།
དབྱང་ཀྲི་ཝུན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག རིམ་པ་དང་རིགས་སོ་སོའི་སློབ་གྲྭ་བཅས་ཀྱིས་མགོ་མཇུག་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་དང་། བཅོས་སྒྱུར་དམ་འཛིན་དང་མི་འདང་ས་ཁ་གསབ། འཕེལ་རྒྱས་ལ་སྐུལ་འདེད། སྤུས་ཚད་མཐོར་འདེགས་བཅས་ཀྱི་བྱ་བ་རྒྱུན་ཆད་མེད་པར་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ལས་དོན་ལ་གནས་སྟངས་རང་བཞིན་གྱི་འགྱུར་ལྡོག་འབྱུང་བར་སྐུལ་འདེད་བཏང་ལ། མི་དམངས་མང་ཚོགས་ཀྱི་སློབ་གསོའི་ཐོབ་སྣང་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ཡོད།
དབྱང་ཀྲི་ཝུན་གྱིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་དང་རྒྱུན་འཁྱོངས་བྱས་ཏེ། རྨང་གཞིའི་སློབ་གསོ་དང་། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོའི་ལས་དོན་ཁག་སོ་སོར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། སློབ་གསོའི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཁག་བརྟན་པོའི་ངང་སྤེལ་བ། ཟི་ལིང་སློབ་ཆེན་གྲབས་འཛུགས་དང་། མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་སྒྲིག་འཛུགས་བྱེད་པ་སོགས་གཙོ་གནད་ཆེད་དོན་ལས་འགན་གྱི་གསར་གཏོད་ལ་སྐུལ་འདེད་བཏང་ནས། ཧུར་ཐག་གིས་མི་དམངས་ཡིད་ཚིམ་པའི་མཚོ་སྔོན་གྱི་སློབ་གསོའི་ལས་དོན་ལེགས་པོར་སྒྲུབ་དགོས། སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞིའི་འགན་འཁྲི་དངོས་འབེབས་བྱས་ཏེ། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་། སློབ་གྲྭའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། མཐུན་སྦྱོར་མཉམ་ལས་ཟབ་མོ་བྱས་ཏེ། སློབ་གསོའི་ལས་དོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་གཅིག་བསྡུས་ཀྱིས་གྲུབ་པར་བྱས་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་མཚོ་སྔོན་གྱི་སློབ་གསོ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བའི་ལེའུ་གསར་བ་ཞིག་ཡག་པོར་འབྲི་དགོས།
གྲོས་ཚོགས་སྟེང་། ཞིང་ཆེན་སྲིད་གཞུང་སློབ་གསོ་ལྟ་སྐུལ་སློབ་སྟོན་ཨུ་ཡོན་ལྷན་ཁང་གིས་གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བར་དུ་ཉིས་སྟོང་ཉེར་གསུམ་ལོའི་སློབ་གསོའི་འཕེལ་རྒྱས་དམིགས་འབེན་གྱི་འགན་འཁྲིའི་ཡི་གེ་བཀོད།
རིག་འཛིན་སྒྲོལ་མས་བསྒྱུར།