ཁྲིན་ཝུན་ཆིན་གྱིས་མགོ་འཛིན་བྱས་ཏེ་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་བསྡུས།
2023.02.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་གཉིས་པའི་ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲིན་ཝུན་ཆིན་གྱིས་མགོ་འཛིན་བྱས་ཏེ་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་ནན་མོ་བྱས་ཏེ། ལངས་ཕྱོགས་བརྟན་པོའི་སྒོ་ནས་ཆབ་སྲིད་སྐྱོང་བ་དང་། ནན་ཏན་སྒོས་བྱ་བ་སྒྲུབ་ནས་ཕན་འབྲས་ཐོབ་པར་བྱེད་པ། ཏན་ཏན་ཏིག་ཏིག་སྒོས་ལོ་ཧྲིལ་བོའི་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ནས་བསྟན་དོན། སྲིད་ཁྲིམས་ལས་ཁུངས་ནི་ཏང་གིས་མགོ་ཁྲིད་པའི་ཆབ་སྲིད་ལས་ཁུངས་ཡིན་པས། ལངས་ཕྱོགས་བརྟན་པོའི་སྒོ་ནས་ཆབ་སྲིད་སྐྱོང་བ་དང་། ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་ལ་གཟབ་ནན་བྱེད་དགོས་ལ། བློ་རྩ་བརྟན་པོའི་སྒོ་ནས་གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་བློ་ཐག་རྦད་ཆོད་སྒོས་སྲུང་སྐྱོང་གཉིས་ལེགས་པར་སྒྲུབ་པ། བློ་ཐག་རྦད་ཆོད་སྒོས་ཏང་གིས་སྲིད་ཁྲིམས་བྱ་བར་མཐའ་གཅིག་ཏུ་མགོ་ཁྲིད་པ་དངོས་འབེབས་བཟང་བོ་བྱེད་པ། བློ་ཐག་རྦད་ཆོད་སྒོས་ཏང་ལ་མཐའ་གཅིག་ཏུ་བློ་དཀར་ཞིང་ཏང་དང་བློ་སེམས་རྩེ་གཅིག་བྱེད་དགོས་ལ། བློ་ཐག་རྦད་ཆོད་སྒོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་དང་མཐའ་གཅིག་ཏུ་གཅིག་གྱུར་བྱེད་པ་སྲུང་འཛིན་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། ཆབ་སྲིད་ཀྱི་ཤེས་ཚོར་རང་བཞིན་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ནམ་ཡང་སེམས་ཁུར་བྱེད་པའི་འགན་འཁྲིའི་བསམ་པ་དྲག་པོ་བཅངས་ནས། སྤྱི་ཚོགས་ཆབ་སྲིད་ཀྱི་ཁྱོན་ཡོངས་བརྟན་འཇགས་དང་ལྷག་པར་དུ་ཆབ་སྲིད་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ནུས་པ་མཐོར་འདེགས་སུ་གཏོང་དགོས། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་བསྣན་ཏེ། ཁྲིམས་སྐྱོང་བསམ་ཕྱོགས་དང་ཁྲིམས་སྐྱོང་རྣམ་པར་བརྟེན་ནས་འགལ་བ་དང་རྩོད་གཞི་ལ་ཞིབ་བཤེར་དང་ཞི་འཇགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཞིབ་བཤེར་ཞིབ་འཇུག་བྱ་བ་ཆེ་རུ་སྒྲུབ་པ་དང་། སྲིད་ཁྲིམས་མགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་སློབ་སྦྱོང་དང་ཆེད་ལས་གསོ་སྦྱོང་ལ་ཤུགས་བསྣན་ནས་འགན་འཁྲི་ལག་བསྟར་བྱེད་པའི་ནུས་པ་མཐོར་འདེགས་སུ་གཏོང་དགོས།

ཚོགས་ཐོག་ནས་ལོ་སར་སྐབས་ཀྱི་བདེ་འཇགས་འགན་སྲུང་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་བདེ་འཇགས་འགན་སྲུང་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

                                                                                                      བཀྲ་ཤིས་འབུམ་གྱིས་བསྒྱུར།