རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་ཡོང་བའིཁམ་ཕུ་ཀྲེའི་དབུ་བཞུགས་བློ་ཆེན་ཧུང་སུན་དང་གྲོས་མོལ་བྱས།
ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཁམ་ཕུ་ཀྲེའི་བར་འབྲེལ་བ་བཙུགས་ནས་ལོ་རེ་ལྔ་འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དེ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་རྨང་གཞིའི་སྟེང་ཉིན་བཞིན་ཇེ་དམ་དུ་ཕྱིན་པ་དང་། གཉིས་ཕན་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱེད་དང་མཛའ་མཐུན་མཇལ་འཛོམས་གནང་ནས། རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་སྔར་ལས་ལེགས་པའི་སྒོ་ནས་བསྐྲུན་རྒྱུར་མོས་མཐུན་བྱུང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཀྲེ་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཁམ་ཕུ་ཀྲེ་ལ་རང་ནུས་ཅི་ལྕོགས་ཀྱིས་མུ་མཐུད་དུ་རོགས་རམ་བྱེད་འདོད་ཡོད། ཕྱོགས་གཉིས་ཀས་ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་རེ་ལྔ་འཁོར་བ་གོ་སྐབས་སུ་བྱས་ཏེ། འཐབ་ཇུས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་པ་དང་། ཕྱོགས་གཉིས་ཀའི་ཁེ་ཕན་གཙོ་བོ་དང་འབྲེལ་བ་ཡོད་ཅིང་དོ་ཁུར་བྱེད་ཀྱིན་པའི་གནད་དོན་གལ་ཆེན་གྱི་ཐད་ནས་མུ་མཐུད་ཕན་ཚུན་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མི་ཆོས་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཡི་ལེའུ་གསར་པ་རྩོམ་པ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་དགོས།
ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་དམིགས་བསལ་ཁ་ཕྱོགས་སུ་བརྩི་བཞིན་ཡོད་ཅིང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་མཉམ་དུ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་ལ་འཕེལ་རྒྱས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ནས། ས་ཁུལ་གྱི་བརྟན་ལྷིང་དང་འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོང་བྱེད་འདོད་ཡོད།
ཧུང་སུན་གྱིས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བར་འགྱུར་བ་གཏན་ནས་མེད། ཁམ་ཕུ་ཀྲེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་རེ་ལྔ་འཁོར་བ་གོ་སྐབས་སུ་བྱས་ཏེ། ཀྲུང་གོའི་བར་གྱི་ཆབ་སྲིད་དང་ཐོན་ནུས། ཞིང་ལས། ནུས་ཁུངས། དངུལ་རྩ། ཁྲིམས་འཛིན་བདེ་འཇགས། མི་ཆོས་སོགས་ཁྱབ་ཁོངས་མང་པོའི་མཉམ་ལས་ལ་སྤུས་ཚད་མཐོན་པོས་སྐུལ་འདེད་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་འདོད་ཡོད་ཅེས་བསྟན།
དེའི་རྗེས་སུ་རྒྱལ་ཁབ་གཉིས་ཀའི་ཙུང་ལི་ཡིས་མཉམ་དུ། “ཀྲུང་གོ་དང་ཁམ་ཕུ་ཀྲེའི་མཛའ་མཐུན་ལོ”དངོས་སུ་མགོ་བརྩམས་པ་ཁྱབ་སྒྲོག་བྱས་པར་མ་ཟད། ཕྱོགས་མང་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་བདེན་དཔང་བྱས།
ཝང་དབྱི་དང་ཧི་ལིས་ཧྥུན་སོགས་གོང་གསལ་བྱེད་སྒོའི་ཁྲོད་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།