ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་དབུས་མར་རོགས་སྐྱོར་བྱེད་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་གི་མི་སྣར་ཡིག་ལན་བསྐུར་ནས་སྐུལ་ལྕག་གནང་།
2023.02.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 141

ཟླ་གཉིས་པའི་ཚེས་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ལ་རོགས་སྐྱོར་བྱེད་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་གི་སྐོར་ཐེངས་བཅུ་དགུ་པའི་མི་སྣར་ཡིག་ལན་བསྐུར་ཏེ། ཁོ་ཚོ་དང་དེ་བཞིན་རྒྱ་ཆེའི་ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི་མི་སྣར་འཚམས་འདྲི་གནང་བར་མ་ཟད། དེ་འབྲེལ་གྱི་རེ་བ་ནན་མོ་བཏོན།

ཞི་ཅིན་ཕིང་གིས་ཡིག་ལན་ཁྲོད་ཁྱོད་ཚོས་ཨ་ཧྥེ་རི་ཁ་དབུས་མ་རུ་ལས་ཀ་དང་འཚོ་བའི་ཐད་ཀྱི་དཀའ་ངལ་ཅི་རིགས་ཁྱད་སེལ་བྱས་ནས། བློ་རྩེ་གཅིག་སྒྲིམ་གྱིས་ས་གནས་དེ་གའི་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ། སྲོག་སྐྱོབ་རྨས་སྐྱོར་བྱེད་མཁན་གྱི་ཕོ་ཉ་དཀར་པོ་དང་མཛའ་བརྩེ་བརྒྱུད་སྤྲོད་བྱེད་མཁན་གྱི་མཛའ་མཐུན་ཕོ་ཉའི་བརྟུལ་ཞུགས་དང་དུ་བླངས་ཡོད། ད་ལོ་ནི་ཀྲུང་གོས་ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་མངགས་གཏོང་བྱས་ནས་ལོ་དྲུག་ཅུ་འཁོར་བའི་ལོ་ཡིན་པས། ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་ལས་བཟོ་བའི་བློ་མཐུན་ཚོར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས་པ་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཀྱིས་ཞི་བདེ་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་ཀྱིན་ཡོད། ཕྱི་རྒྱལ་ལ་སྨན་བཅོས་རོགས་སྐྱོར་བྱེད་ཀྱིན་པ་ནི་དེའི་མཚོན་ཚུལ་གསོན་ཉམས་ཅན་ཞིག་ཡིན། ཁྱོད་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། དཀའ་ཚེགས་ལ་མི་འཛེམ་པ་དང་ལེགས་སྐྱེས་འབུལ་འདོད་ཆེ་བ། སྲོག་སྐྱོབ་རྨས་སྐྱོབ་བྱེད་པ། གཅེས་སེམས་ཆེན་པོ་ལྡན་པ་བཅས་ཀྱི་ཀྲུང་གོའི་སྨན་བཅོས་རུ་ཁག་གི་སྙིང་སྟོབས་དར་སྤེལ་ཆེན་པོ་བཏང་སྟེ། བྱམས་སྙིང་རྗེ་དང་སྨན་བཅོས་ཀྱི་ལག་རྩལ་བཟང་བོར་བརྟེན་ནས་ས་གནས་དེ་གའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་། བྱ་སྤྱོད་དངོས་ཀྱི་སྟེང་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོར་འཆད་པ་དང་། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་ལས་གང་མང་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།