ཞི་ཅིན་ཕིང་གིས་ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ལ་མཇལ་འཕྲད་གནང་།
2023.02.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 186

ཟླ་གཉིས་པའི་ཚེས་བཅུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧུང་སུན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ལོ་གསུམ་གྱི་སྔོན་ལ། དབུ་བཞུགས་བློན་ཆེན་གྱིས་འགལ་རྐྱེན་ཅི་རིགས་གདོང་གིས་བསུས་ཏེ“ལྡོག་བསྐྱོད”ཀྱི་རྣམ་པས་ཀྲུང་གོར་འཚམས་འདྲི་གནང་ནས། རིམས་ནད་ལ་འགོག་རྒོལ་བྱེད་བཞིན་པའི་ཀྲུང་གོ་མི་དམངས་དང་མཉམ་དུ་བློ་བརྟན་འགྱུར་མེད་ངང་ལངས་པ་རེད། ད་ལོ་ནི་ཀྲུང་གོས་ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་མགོ་བརྩམས་པའི་ལོ་ཡིན་ལ། ཀྲུང་གོ་དང་ཁམ་ཕུ་ཀྲེའི་བར་འབྲེལ་བ་བཙུགས་ནས་ལོ་རེ་ལྔ་འཁོར་བའི་ལོའང་ཡིན། ཙུང་ཐུང་ཁྱེད་དང་མཉམ་དུ“ལོ་གསུམ་གྱི་ཁ་ཆད”མངོན་འགྱུར་བྱུང་བར་ང་ཧ་ཅང་དགའ་སྤྲོ་སྐྱེས། ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། མཉམ་དུ་རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་ཡི་དུས་རབས་གསར་པ་བསྐྲུན་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཁམ་ཕུ་ཀྲེའི་མི་དམངས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་རང་བདག་ངང་གདམ་ག་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ། ཁམ་ཕུ་ཀྲེ་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། ཁམ་ཕུ་ཀྲེ་ཡིས་རྒྱལ་ནང་གི་ཆབ་སྲིད་གྲོས་རིམ་གལ་ཆེན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་ཡིན་ལ། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཁམ་ཕུ་ཀྲེའི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཀྲེ་ཉེ་འཁོར་ཕྱི་འབྲེལ་གྱི་གཙོ་གནད་ཁ་ཕྱོགས་སུ་བརྩིས་ཏེ། ཐོག་མཐའ་བར་གསུམ་དུ་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་ཀྲུང་གོ་དང་ཁམ་ཕུ་ཀྲེའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་འཆར་འགོད་དང་སྐུལ་འདེད་གཏོང་རྒྱུ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བརྒྱུད་རིམ་དངོས་ཀྱི་ཁྲོད་ཁམ་ཕུ་ཀྲེ་ཕྱོགས་དང་གོ་སྐབས་མཉམ་སྤྱོད་དང་མཉམ་ལས་མཉམ་གྲོས། འཕེལ་རྒྱས་ལ་མཉམ་སྐུལ་བཅས་བྱས་ནས། སྤུས་ཚད་མཐོ་བ་དང་ཆུ་ཚད་མཐོ་བ། ཚད་གཞི་མཐོ་བ་བཅས་ཀྱི་དུས་རབས་གསར་པའི་ཀྲུང་གོ་དང་ཁམ་ཕུ་ཀྲེའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་ནས། ས་ཁུལ་ཞི་བདེ་དང་བརྟན་ལྷིང་། འཕེལ་རྒྱས་བཅས་ཡོང་ཆེད་དྲང་ནུས་སྔར་ལས་གང་མང་ལེགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཕྱོགས་གཉིས་ཀས་ཆབ་སྲིད་དང་ཐོན་ནུས། ཞིང་ལས། ནུས་ཁུངས། བདེ་འཇགས། མི་ཆོས་བཅས་ཁྱབ་ཁོངས་ཆེན་པོ་དྲུག་ནས་མགོ་བརྩམས་ཏེ། ཀྲུང་གོ་དང་ཁམ་ཕུ་ཀྲེའི་སྲ་བརྟན་གྱི་མཉམ་ལས་སྒྲོམ་གཞི་འབད་པས་བསྐྲུན་དགོས། ཆབ་སྲིད་ཀྱི་ངོས་ནས་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ནས་ཐབས་ལམ་ཁག་གི་འགྲོ་འོང་སྔར་ལས་ཇེ་དམ་དུ་གཏོང་དགོས།  ཐོན་ནུས་ཀྱི་ངོས་ནས“བཟོ་ལས་འཕེལ་རྒྱས་ཀྱི་བར་ཁྱམས”གཙོ་གནད་དུ་བཟུང་ནས་འཛུགས་སྐྲུན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་སྔར་ལས་མང་པོས་ཁམ་ཕུ་ཀྲེ་རུ་མ་རྩ་བཏང་ནས་བྱ་གཞག་བསྐྲུན་རྒྱུར་སྐུལ་ལྕག་བྱས་ཏེ། ཞིས་ཧ་ནུའུ་ཁི་ཞིང་ཆེན་གྱི་ནུས་མང་དཔལ་འབྱོར་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་ལ་རོགས་རམ་བྱེད་རྒྱུ་ཡིན་ལ། ཁམ་ཕུ་ཀྲེའི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཞིང་ལས་ཀྱི་ངོས་ནས“ཉ་དང་འབྲས་ཀྱི་བར་ཁྱམས”བསྐྲུན་རྒྱུར་ཤུགས་བསྣན་ནས། མཚོ་ཁའི་ཞིང་ལས་ཐད་མཉམ་ལས་བྱེད་དགོས། ནུས་ཁུངས་ཀྱི་ངོས་ནས་ལྗང་མདོག་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ནས། ཁམ་ཕུ་ཀྲེའི་ཆུ་གློག་དང་ཉི་འོད་ནུས་པའི་གློག་འདོན་ལས་གཞིར་མ་དངུལ་གང་མང་གཏོང་རྒྱུ་ཡིན། བདེ་འཇགས་ཀྱི་ངོས་ནས་རྒྱུན་རྣམ་ཅན་གྱི་སྒོ་ནས་མཉམ་འབྲེལ་ངང་རྒྱལ་མཚམས་བརྒལ་ནས་ནག་ཉེས་བཟོ་བའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཀྲེ་ཕྱོགས་ལ་མུ་མཐུད་དུ་འབར་མདེལ་གཙང་སེལ་གྱི་རོགས་སྐྱོར་བྱ་རྒྱུ་ཡིན། མི་ཆོས་ཀྱི་ངོས་ནས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཁམ་ཕུ་ཀྲེའི་ཐད་གཏོང་དུས་གཏན་གནམ་གྲུ་སྔོན་ལ་སླར་གསོ་བྱེད་པ་དང་གནམ་གྲུ་གཏོང་ཐེངས་སྔར་ལས་ཇེ་མང་དུ་གཏོང་རྒྱུ་དང་། ཡུལ་སྐོར་མཉམ་ལས་ལ་སྐུལ་མ་གཏོང་བ། རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་ཉམས་གསོའི་ལས་དོན་སྤེལ་རྒྱུ། ཁམ་ཕུ་ཀྲེ་ཕྱོགས་ཀྱིས་སློབ་གསོ་དང་འཕྲོད་བསྟེན་སོགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་ཀས་ཀྲུང་གོ་དང་ཁམ་ཕུ་ཀྲེའི་མཛའ་མཐུན་ལོ་གོ་སྐབས་སུ་བཟུང་ནས། ས་གནས་ཀྱི་ཁ་གཏད་མཉམ་ལས་རྒྱ་ཆེར་གཏོང་བ་དང་མི་ཆོས་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ། ན་གཞོན་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ་བཅས་བྱས་ནས། ཀྲུང་གོ་དང་ཁམ་ཕུ་ཀྲེའི་མཛའ་མཐུན་བྱ་གཞག་རྒྱུན་འཛིན་དང་དར་རྒྱས་གོང་འཕེལ་གཏོང་དགོས་ཞེས་གསུངས།

ཧུང་སུན་གྱིས་ང་རང་ཀྲུང་གོའི་ལུགས་རྙིང་ལོ་སར་ཀྱི་རྗེས་ནས་སྣེ་ལེན་ཞུས་པའི་ཕྱི་རྒྱལ་གྱི་མགོ་ཁྲིད་ཐོག་མ་རུ་གྱུར་པར་ཧ་ཅང་དགའ་སྤྲོ་སྐྱེས། ལོ་གསུམ་སྔོན་གྱི་འཚམས་འདྲི་ཡིན་ནའང་འདྲ། ཡང་ན་ད་ཐེངས་ཀྱི་འཚམས་འདྲི་ཡིན་ནའང་འདྲ། ངས་ཁམ་ཕུ་ཀྲེའི་མི་དམངས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་མི་དམངས་དང་མཉམ་དུ་བློ་བརྟན་འགྱུར་མེད་ངང་ལངས་པའི་བརྡ་རྟགས་བརྒྱུད་སྒྲོག་གསལ་སྟོན་བྱ་རྒྱུའི་རེ་བ་བྱེད་ཀྱིན་ཡོད།  ཁམ་ཕུ་ཀྲེ་ཕྱོགས་ཀྱིས་ཀྲུང་གོས་བླངས་པའི་རླབས་ཆེན་གྱི་འཕེལ་རྒྱས་གྲུབ་འབྲས་ལ་ཡིད་སྨོན་བྱེད་ཀྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག་ཀྲུང་གོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་དམིགས་འབེན་དུས་ལྟར་མངོན་འགྱུར་ཐུབ་པར་ཡིད་ཆེས་ཡོད། ཁམ་ཕུ་ཀྲེ་མི་དམངས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་བདམས་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན་ལ། ཀྲུང་གོས་ཁམ་ཕུ་ཀྲེ་ལ་རིམས་ནད་སོགས་ཀྱི་དཀའ་ངལ་འཕྲད་སྐབས་དུས་ཐོག་ཏུ་རྒྱབ་སྐྱོར་དང་རོགས་རམ་རྩ་ཆེན་བྱས་ཡོད། ཁམ་ཕུ་ཀྲེ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ནས། ཀྲུང་གོའི་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ། ཀྲུང་གོའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་རུང་གིས་ཞང་ཀང་དང་ཞིན་ཅང་། བོད་ལྗོངས་བཅས་དང་འབྲེལ་བ་ཡོད་པ་སོགས་ཀྱི་གནད་དོན་ཐད་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཀྲུང་གོ་བར་དུ་འགྱུར་མེད་སྲ་བརྟན་གྱི་མཉམ་ལས་སྒྲོམ་གཞི་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་ཚུལ་ལ་ང་རང་མཐའ་གཅིག་ཏུ་མོས་མཐུན་ཡོད་ཅེས་བསྟན།

མཇལ་འཕྲད་ཚར་རྗེས་ཞི་ཅིན་ཕིང་གིས་ཧུང་སུན་ལ་གསོལ་སྟོན་བཤམས།

ཝང་དབྱི་དང་ཧི་ལིས་ཧྥུན་སོགས་གོང་གསལ་བྱེད་སྒོའི་ཁྲོད་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།