ཝང་ཧུའུ་ཉིང་གིས་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་གཞོན་པ་ཞཱ་ལི་ཡན་སོགས་ལ་མཇལ་འཕྲད་གནང་། 
2023.02.11 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 24

ཟླ་གཉིས་པའི་ཚེས་བཅུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཝང་ཧུའུ་ཉིང་གིས་པེ་ཅིང་ནས་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་གཞོན་པ་ཞཱ་ལི་ཡན་སོགས་ལ་མཇལ་འཕྲད་གནང་། 

ཝང་ཧུའུ་ཉིང་གིས་བསྟན་དོན། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་དུས་རབས་གསར་བར་ཏང་གིས་ཐེ་ཝན་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཐབས་ཇུས་ཕྱོགས་ཡོངས་ནས་ལག་ལེན་དངོས་འབེབས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་འགག་འགྲམ་གཉིས་ཀྱི་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཚོ་འགག་འགྲམ་གཉིས་ཀྱི་བརྗེ་རེས་མཉམ་ལས་ལ་ཡར་སྐུལ་གཏོང་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་དངོས་འབེབས་བྱས་ཤིང་། རྒྱ་ཆེའི་ཐེ་ཝན་སྤུན་ཟླའི་བར་མཐུན་སྒྲིལ་བྱས་ཏེ། མེས་རྒྱལ་གཅིག་གྱུར་དང་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་བྱ་གཞག་རླབས་ཆེན་མཉམ་བསྐྲུན་བྱེད་དགོས། 

ཝང་ཧུའུ་ཉིང་གིས་བསྟན་དོན། གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་ཀྱིས་གོ་གཉིས་ལོའི་ཐུན་མོང་ལྟ་ཚུལ་རྒྱུན་འཁྱོངས་བྱེད་པ་དང་། ཐེ་ཝན་རང་བཙན་ལ་ངོ་རྒོལ་བྱེད་པའི་ཐུན་མོང་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ལ། ཆབ་སྲིད་ཡིད་ཆེས་ཇེ་ཟབ་དང་འབྲེལ་འདྲིས་གནས་བབ་སྲུང་འཛིན་བཟང་བོ་བྱས་ནས། བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་དགོས། ཐེ་ཝན་རང་བཙན་གྱི་ཁ་བྲལ་བྱ་སྤྱོད་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་གཏོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ། མཉམ་དུ་ཐེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་བསྐྲུན་ནས། ལག་རྡང་སྦྲེལ་ནས་མི་རིགས་བསྐྱར་དར་ཐད་འབད་འབུངས་བྱེད་དགོས། 

ཞཱ་ལི་ཡན་གྱིས་བསྟན་དོན། ཏང་ཁག་གཉིས་ཀྱིས་གོ་གཉིས་ལོའི་ཐུན་མོང་ལྟ་ཚུལ་རྒྱུན་འཁྱོངས་བྱེད་པ་དང་། ཐེ་ཝན་རང་བཙན་ལ་ངོ་རྒོལ་བྱེད་པའི་རྨང་གཞིའི་སྟེང་། ཡིད་ཆེས་དང་འབྲེལ་འདྲིས་ཇེ་ཟབ་ཏུ་བཏང་སྟེ་མཚོ་འགག་འགྲམ་གཉིས་ཀྱི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པ་དང་། ཐེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་འཇགས་ལ་སྐུལ་འདེད་གཏོང་དགོས་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།