ལིས་ཀྲན་ཧྲུའུ་ཡིས་ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ལ་མཇལ་འཕྲད་གནང་། 
2023.02.11 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 15

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་བཅུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧོང་སིན་ལ་མཇལ་འཕྲད་གནང་། 

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་གོ་དང་ཁམ་ཕུ་ཀྲེའི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཉམས་སད་ཐེག་ཐུབ། དུས་རབས་གསར་བར་བསླེབས་ཏེ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཁམ་ཕུ་ཀྲེའི་ལས་སྐལ་ཐུན་མོང་ཚོགས་པའི་འཛུགས་སྐྲུན་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་པར་མ་དཔེ་བསྟན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཀྲེ་ཡིས་རྒྱལ་ཁབ་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། ཁམ་ཕུ་ཀྲེ་ཕྱོགས་ཀྱིས་བརྟན་འཇགས་ལ་སྲུང་སྐྱོབ་དང་འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོའི་ལེགས་བཅོས་བཅས་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། ཁམ་ཕུ་ཀྲེ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་བར་གྱི་ཐུན་མོང་ལྟ་ཚུལ་གལ་ཆེན་དངོས་འབེབས་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ཀྲུང་གོ་དང་ཁམ་ཕུ་ཀྲེའི་མཛའ་མཐུན་ལོ་ཞེས་པའི་བྱ་འགུལ་རབ་དང་རིམ་པ་བཟང་བོར་སྤེལ་ནས། སྤུས་ཚད་མཐོ་བ་དང་ཆུ་ཚད་མཐོ་བ། ཚད་གཞི་མཐོ་བའི་དུས་རབས་གསར་བའི་ཀྲུང་གོ་དང་ཁམ་ཕུ་ཀྲེའི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་འདོད་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་འབྲེལ་འདྲིས་དང་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་པའི་ཐད་བཅའ་ཁྲིམས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར། 

ཧོང་སིན་གྱིས་བསྟན་དོན། ཁམ་ཕུ་ཀྲེ་དང་ཀྲུང་གོ་ནི་གྲོགས་པོ་བཟང་བོ་ཡིན་ཞིང་། ཁམ་ཕུ་ཀྲེ་ཡི་ཀྲུང་གོར་སྤྱོད་པའི་མཛའ་མཐུན་སྲིད་ཇུས་འགྱུར་མི་སྲིད། ཁམ་ཕུ་ཀྲེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། ལག་རྡང་སྦྲེལ་ནས་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱས་ཏེ། ཁམ་ཕུ་ཀྲེ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

ཁྲིན་ཀྲུའུ་མཇལ་འཕྲད་ལ་ཞུགས། 

ཉིན་དེར་ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧོང་སིན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སོང་ནས་མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ། 


བསོད་ནམས་ཚེ་རིང་གིས་བསྒྱུར།