ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་ཟླ་གཉིས་པའི་ཚེས་བཅུ་ཉིན་མཚོ་ཤར་གྲོང་ཁྱེར་དུ་སོང་ནས་ཆོས་ལུགས་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། ཕྱོགས་ཡོངས་ནས་དུས་རབས་གསར་བའི་ཏང་གི་ཆོས་ལུགས་བྱ་བའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་དངོས་འབེབས་བྱས་ཏེ། བསམ་བློའི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་ཁྲིམས་ལྟར་དོ་དམ་བྱེད་པར་ཤུགས་སྣོན་པ། ཧུར་ཐག་སྒོས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་མཐུན་པ་ཡོང་བར་ཁྲིད་སྟོན་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས་ཟེར།
དམར་གཙང་བྲག་དགོན་པ་དང་དགོན་ལུང་དགོན་པ། གྲོ་ཚང་རྡོ་རྗེ་འཆང་དགོན་པ་བཅས་ནས་པད་ཁོ་ཡིས་དགོན་པའི་འཕེལ་རྒྱས་ལོ་རྒྱུས་དང་རིག་དངོས་སྲུང་སྐྱོབ། མེ་གསོད་བདེ་འཇགས་སོགས་ལ་རྒྱུས་ལོན་ཞིབ་ཏུ་བྱས། གྲོང་ཁྱེར་དང་རྫོང་། ས་ཁུལ་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་པ་དང་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི། དགོན་པར་སྡོད་པའི་ལས་བྱེད་པ་བཅས་དང་བཞུགས་མོལ་བརྗེ་རེས་བྱས་ཏེ། ཁོ་ཚོས་ཕན་ཚུན་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ནས་མཉམ་དུ་ཆོས་ལུགས་ལས་དོན་དོ་དམ་བྱ་བ་བཟང་བོར་བསྒྲུབས་པར་ཁས་ལེན་བྱས། ཁོས་བསྟན་དོན། དགོན་པ་དེ་གསུམ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། རིག་གནས་གནའ་ཤུལ་གལ་ཆེན་ཡིན་པར་མ་ཟད། མི་རིགས་སོ་སོའི་བརྗེ་རེས་མཉམ་འདྲེས་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། ཚང་མས་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དང་། དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་སྒོས། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་ལ་དྲིན་གཟོ་བྱེད་པ། ཏང་གི་རྗེས་སུ་འབྲངས་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ཏང་དང་སྲིད་གཞུང་གི་ཉེ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། བློ་སེམས་གཅིག་མཐུན་གྱིས་ཡར་ཐོན་བརྩོན་ལེན་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་གྲྭ་བཙུན་དག་གིས་རྒྱལ་ཁབ་ཀྱི་གཅིག་སྤྱོད་སྐད་བརྡ་དང་ཡི་གེ་བེད་སྤྱོད་བྱེད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་བྱེད་པ་དང་། ཁས་ལེན་ལྔ་ཇེ་དྲག་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། དགོན་པའི་མེ་གསོད་བདེ་འཇགས་དང་ས་གཤིས་གནོད་འཚེའི་འགོག་བཅོས་ལ་ཤུགས་སྣོན་བྱས་ཏེ་བདེ་འཇགས་ཀྱི་མི་མངོན་པའི་གནད་དོན་མེད་པར་བཟོ་དགོས། རིམ་པ་སོ་སོའི་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གི་གྲོས་ཚོགས་ནས་བཏོན་པའི་རེ་བ་གསར་བ་དང་ལས་འགན་གསར་བས་འབྲེལ་ཡོད་བྱ་བ་བཟང་བོར་སྒྲུབ་སྟེ། དགོན་པ་དང་སྤྱི་ཚོགས་ཀྱི་རྒྱུན་མཐུད་འཆམ་མཐུན་བརྟན་འཇགས་ལ་འགན་སྲུང་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།