ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བགྲོ་གླེང་འཛིན་གྲྭ་ཡི་སློབ་མ་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་ནན་ཏན་བྱས།
2023.02.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 70

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བགྲོ་གླེང་འཛིན་གྲྭ་ཚོགས་མགོ་བརྩམས་པའི་མཛད་སྒོའི་སྟེང་དུ་གསུང་བཤད་གལ་ཆེན་གནང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་རྒྱས་བཤད་གཏིང་ཟབ་གནང་བ་རེད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་དངོས་སུ་སློབ་སྦྱོང་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་ཐོག་མ་ཡི་སློབ་ཚན་དང་པོས་བརྗོད་དོན་གཙོ་བོ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཞེས་པར་དམིགས་ཡོད། བགྲོ་གླེང་འཛིན་གྲྭའི་སློབ་མ་ཚོས་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོད་ལམ་བརྒྱུད་དེ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་དགོས་ཞེས་བསྟན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་རྩོམ་མཛད་སྒོའི་སྟེང་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་སྟེང་དུ་གེགས་མེད་དང་བརྟན་བརླིང་ངང་བསྐྱོད་རྒྱུ་དེ་ནི། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་ཡང་དག་པའི་ལམ་བུ་འབའ་ཞིག་ཡིན་པ་ལག་ལེན་དངོས་ཀྱི་སྟེང་ནས་ར་སྤྲོད་བྱས་ཡོད་ཅེས་གསུངས། སྤྱི་ཁྱབ་ཧྲུའུ་ཅི་ཡིས་བློ་བརྟན་འགྱུར་མེད་ངང་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་པ་ཡིན་ན། གཞི་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་མདུན་ལམ་ཆེན་པོ་ལྡན་ལ་དར་རྒྱས་ཡོང་ཐུབ་ཅེས་ནན་གྱིས་གསུངས། བགྲོ་གླེང་འཛིན་གྲྭའི་སློབ་མ་ཚོས་དུས་རབས་གསར་པར་སླེབས་པ་དེས། བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གནས་བབ་གཏན་འཁེལ་བྱས་པ་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་སྟོན་གནས་བབ་གཏན་འཁེལ་བྱས་པར་བརྟེན། གཞི་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གྲུབ་འབྲས་ཐོབ་པའི་ངང་སྐུལ་འདེད་བཏང་བ་དང་རྒྱ་སྐྱེད་ཐུབ་ཡོད་ཅེས་བསྟན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་བརྒྱུད་རིམ་ལྡན་པའི་བཟོ་བཀོད་ཅིག་ཡིན་པས། དེར་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག བརྒྱུད་རིམ་ལྡན་པའི་འཆར་འགོད། སྤྱི་ཡོངས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་དང་། རྩེ་རིམ་ཇུས་འགོད་དང་ལག་ལེན་འཚོལ་ཞིབ། འཐབ་ཇུས་དང་ཇུས་གཞི། གཞུང་དྲང་དང་གསར་གཏོད། ལས་ཆོད་དང་དྲང་སྙོམས། གསོན་ཤུགས་དང་སྒྲིག་ལམ། རང་སྟོབས་རང་སྤེལ་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པ་སོགས་ཀྱི་འབྲེལ་བ་གལ་ཆེན་ཐག་གཅོད་ཡང་དག་བྱེད་དགོས་ཞེས་ནན་བཤད་གནང་ཡོད། བགྲོ་གླེང་འཛིན་གྲྭའི་སློབ་མ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་བརྟག་ཐབས་སྨྲ་བ་མཁོ་འདོན་བྱས་ཡོད་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བགྲོ་གླེང་འཛིན་གྲྭ་ཚོགས་པའི་མཛད་སྒོའི་སྟེང་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་སྔར་བྱུང་མྱོང་མེད་པའི་གསར་གཏོད་རང་བཞིན་གྱི་བྱ་གཞག་ཅིག་ཡིན་པས། ངེས་པར་དུ་དཀའ་སྡུག་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཚད་མཐའི་བསམ་བློ་རྒྱུན་འཁྱོངས་བྱེད་པ། བདེ་སྡོད་ཉེན་བསམ་དང་མ་འོངས་སྔོན་འགོག འཐབ་རྩོད་བྱེད་ཕོད་པ། འཐབ་རྩོད་བྱེད་མཁས་པོ་བཅས་བྱས་ནས། ཞུམ་མེད་འཐབ་རྩོད་བརྒྱུད་དེ་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་དགོས་ཞེས་གསུངས།

ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་མགོ་བརྩམས་པའི་ལོ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ལས་འགོ་རྩོམ་པའི་ལོ་ཡིན་པས་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས་ཞེས་ནན་གྱིས་གསུངས།  བགྲོ་གླེང་འཛིན་གྲྭའི་སློབ་མ་ཚོས་ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ནས། གདེང་ཚོད་དང་རང་བརྩོན། གཞུང་དྲང་བཅས་ཀྱི་སྒོ་ནས་གསར་གཏོད་བྱེད་པ་དང་། སྙིང་སྟོབས་ཆེར་སྐྱེད་དང་དཔའ་སྐྱེད་མདུན་སྐྱོད་ཀྱི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།