ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན། ཀྲུང་གོ་དང་འཇར་པན་གྱི་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཕྱོགས་བསྡུས་གླེང་སྟེགས་སྐབས་བཅུ་དྲུག་པ་དྲ་ལམ་དང་དྲ་ཕྱི་ཟུང་འབྲེལ་གྱི་རྣམ་པས་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧི་ལིས་ཧྥུན་གླེང་སྟེགས་གཙོ་བོར་ཞུགས་ཏེ་གཏམ་བཤད།
ཧི་ལིས་ཧྥུན་གྱིས་སྐབས་འདིའི་གླེང་སྟེགས་ནི་ཀྲུའུ་ཞི་ཞི་ཅིན་ཕིང་དང་དབུ་བཞུགས་བློ་ཆེན་ཨན་ཐེན་ཝུན་ཞུང་གཉིས་ཐེ་གོའི་རྒྱལ་ས་མན་ཀུའུ་ནས་མཇལ་འཕྲད་གནང་ནས་ཕན་ཚུན་བར་ཐུན་མོང་གི་ངོས་འཛིན་གཅིག་མཐུན་བྱུང་བ་དོན་འཁྱོལ་བྱེད་པ་དང་། ཀྲུང་གོ་དང་འཇར་པན་བར་གྱི་ལྗང་མདོག་འཕེལ་རྒྱས་མཉམ་ལས་ལ་ཤུགས་སྣོན་པའི་བྱ་ཐབས་གལ་ཆེན་ཞིག་ཡིན། ཀྲུང་གོས་ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཅན་དུ་བསྒྱུར་ཤུགས་ཇེ་མགྱོགས་སུ་གཏོང་བ། ཁོར་ཡུག་འབག་བཙོག་འགོག་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཐོན་ཁུངས་གྲོན་ཆུང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ལ་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་བ། ཐཱན་ཉུང་དང་འབག་བཙོག་ཉུང་འཕྲི། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། སྐྱེ་ཁམས་སྔོན་ལ་སྤེལ་བ་དང་ལེགས་བསྡུས་ཞིབ་གཉེར་བྱེད་པ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན། ཀྲུང་གོས་འཇར་པན་ཕྱོགས་དང་མཉམ་དུ་ལྗང་མདོག་ཐཱན་ཉུང་ཐོན་ལས་ཀྱི་མཉམ་ལས་དང་ལག་རྩལ་མཉམ་ལས། སྲིད་ཇུས་ཀྱི་གླེང་མོལ། མི་ཆོས་རིག་གནས་བརྗེ་རེས་བཅས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་ལྗང་མདོག་འཕེལ་རྒྱས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།