པད་ཁོ་ཡིས་འབྲེལ་གཏུག་བྱེད་ཡུལ་ལི་ཏུའུ་ཆུས་ཧྲང་དབྱི་སྡེ་བ་རུ་རྟོག་ཞིབ་དང་མཚམས་འདྲི་བྱས།
2023.02.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་གཉིས་པའི་ཚེས་བཅུ་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འབྲེལ་གཏུག་སྡེ་བ་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུས་ཧྥིན་ཏོས་ཡུལ་ཚོའི་ཧྲང་དབྱི་སྡེ་བ་རུ་སོང་ནས་རྟོག་ཞིབ་དང་མཚམས་འདྲི་བྱས།

ཧྲང་དབྱི་སྡེ་བ་རུ། པད་ཁོ་ཡིས་ཆུས་དང་ཡུལ་ཚོའི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་གཏོགས་མི་སྣ། སྡེ་སྡོད་ལས་བྱེད་མི་སྣ། སྡེ་དམངས་ཀྱི་འཐུས་མི་བཅས་དང་བཞུགས་མོལ་བརྗེ་རེས་བྱས་ཏེ། འབྲེལ་གཏུག་སྡེ་བའི་དར་སྤེལ་ལ་ཁ་ཕྱོགས་ཏེ་གོ་རིམ་རྗེས་མའི་བྱ་བར་བླང་བྱ་བཏོན། པད་ཁོ་ཡིས་བསྟན་དོན། ཐོན་ལས་དར་སྤེལ་ནི་གྲོང་གསེབ་དར་སྤེལ་བྱ་བའི་གཙོ་གནད་ཡིན་པས། ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་ཀྲུང་དབྱང་གི་ཡིག་ཆ་དང་པོའི་དགོངས་དོན་ལྟར། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དམ་འཛིན་གང་ལེགས་བྱེད་པ་དང་། ཧྲང་དབྱི་སྡེ་བའི་ཞོག་ཁོག་གི་ཐོན་ལས་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ་དེའི་རྨང་གཞིའི་སྟེང་ཐོན་ལས་གཞན་དག་འཕེལ་རྒྱས་སུ་བཏང་ནས། མང་ཚོགས་ཀྱི་ཡོང་སྒོའི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དགོས།  སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་ཆ་ཚང་ངང་སྡེབ་སྒྲིག་བྱས་ཏེ། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་གྲོང་གསེབ་དར་སྤེལ་ཁྲོད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཞིང་བ་མང་ཚོགས་ཀྱི་སྤུས་ཚད་དང་ཡོན་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས། ཧྲང་དབྱི་སྡེ་བའི་རྨོ་སློབ་རྒྱུན་སྐྱོང་གི་ཕུལ་བྱུང་རིག་གནས་སྲོལ་རྒྱུན་ཧུར་ཐག་གིས་འདོན་སྤེལ་བྱས་ཏེ་བསམ་པའི་དཔལ་ཡོན་འཛུགས་སྐྲུན་དམ་འཛིན་བྱས་ནས་རིག་གནས་བྱ་འགུལ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། ལྗང་མདོག་འཕེལ་རྒྱས་ཀྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་མཐའ་ཚད་བརྟན་སྲུང་བྱེད་པ་དང་། ཞིང་ལས་ཞིང་སྡེ་ཡི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སྐྱེ་ཁམས་ཀྱི་རྣམ་པ་ལེགས་པོ་དེ་གྲོང་གསེབ་དར་སྤེལ་གྱི་འདེགས་ཤིང་བྱེད་དགོས། རིམ་པ་སོ་སོའི་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་རང་སྟེང་གི་དགེ་མཚན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མིར་སྣེ་ཁྲིད་མཐུན་སྦྱོར་བྱས་ཏེ་གྲོང་གསེབ་དར་སྤེལ་བྱ་བར་བློ་འདོན་ཇུས་འབུལ་བྱེད་དགོས། སྡེ་སྡོད་ལས་བྱེད་པས་ལས་འགན་དང་འགན་འཁྲི་ལེགས་པོར་སྒྲུབ་སྟེ། གྲོང་གསེབ་དར་སྤེལ་གྱི་ཞིབ་ཕྲའི་ལས་དོན་ཁག་དོན་དངོས་སུ་དམ་འཛིན་བྱས་ནས། ཐུན་མོང་འབད་བརྩོན་ལ་བརྟེན་ནས་ཧྲང་དབྱི་སྡེ་བ་སྔར་ལས་འཛུགས་སྐྲུན་གང་ལེགས་བྱེད་དགོས།

པད་ཁོ་ཡིས་འབྲེལ་གཏུག་ས་ཁུལ་དུ་གསར་དུ་འཕར་སྣོན་བྱས་པའི་གཟི་བརྗིད་ཁྱིམ་ཚང་ལ་མཚམས་འདྲི་བྱས་ཏེ་འཚོ་བ་དང་ཡོངས་འབབ་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ལ། འབད་པ་ལྷོད་མེད་བྱེད་རྒྱུའི་སྐུལ་མ་བཏང་།

                                                                རིག་འཛིན་སྒྲོལ་མས་བསྒྱུར།