འཛམ་གླིང་གཞི་གྲངས་སློབ་གསོའི་ཚོགས་ཆེན་ཟླ་གཉིས་པའི་ཚེས་བཅུ་གསུམ་ཉིན་པེ་ཅིང་དུ་འཚོགས་འགོ་བརྩམས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་ཚོགས་འདུར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
སུན་ཁྲུན་ལན་གྱིས་བསྟན་དོན། དེང་རབས་ཆ་འཕྲིན་ལག་རྩལ་གྱིས་སློབ་གསོའི་འཕེལ་རྒྱས་ཐད་གསར་བརྗེ་རང་བཞིན་གྱི་ཤན་ཤུགས་ཐེབས་བཞིན་ཡོད། ཀྲུང་གོའི་སྲིད་གཞུང་གིས་གཞི་གྲངས་སློབ་གསོ་གོང་དུ་སྤེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། བསྟུད་མར་འབད་བརྩོན་བྱས་པ་བརྒྱུད་ནས། རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཚང་མར་མཉམ་འབྲེལ་དྲ་བ་སྦྲེལ་བ་དང་། སློབ་གྲྭ་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་ལྔ་ལ་སྨྱན་མང་གཟུགས་ཀྱི་སློབ་ཁང་ཡོད་ཅིང་། རྒྱལ་ཁབ་རིག་ནུས་སློབ་གསོའི་སྤྱི་ཐུན་ཞབས་ཞུའི་སྟེགས་བུ་བཙུགས་ཏེ། རྨང་གཞིའི་སློབ་གསོའི་སློབ་ཁྲིད་ཐོན་ཁུངས་ཁྲི་བཞི་དང་སྟོང་བཞི་དང་། ལས་རིགས་སློབ་གསོའི་སྤུས་ལེགས་སློབ་ཁྲིད་སྟོང་དྲུག་དང་བདུན་བརྒྱ་ང་བདུན། མཐོ་རིམ་སློབ་གསོའི་སྤུས་ལེགས་སློབ་ཁྲིད་དང་ཚོད་ལྟའི་སློབ་ཁྲིད་ཁྲི་གཉིས་དང་སྟོང་བདུན་བཅས་གཅིག་ཏུ་བསྡུས་ནས། སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཀྱི་ཁེབས་རྒྱ་བསྐྱེད་ཡོད་ལ། སློབ་གསོ་དོ་མཉམ་གྱིས་གོང་དུ་འཕེལ་བར་སྐུལ་འདེད་དང་སློབ་གསོ་འདྲ་མཉམ་ཡོང་བར་ཡར་སྐུལ་བྱས་ཏེ། སློབ་གྲྭར་ཡོད་པའི་སློབ་མ་དུང་ཕྱུར་གཉིས་དང་བྱེ་བ་དགུ་ཡིས་གྲོང་ཁྱེར་དང་མཐའ་འཁོབ་རི་ཁུལ་གང་དུའང་སྤུས་ཚད་མཐོ་བའི་སློབ་གསོ་མྱོང་ཐུབ། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭས་གཞི་གྲངས་སློབ་གསོ་ཉེར་སྤྱོད་ཕུན་སུམ་ཚོགས་པ་བྱས་ཏེ། གཞི་གྲངས་ལག་རྩལ་དང་སྲོལ་རྒྱུན་སློབ་གསོ་མཉམ་འདྲེས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་དང་། སློབ་གསོའི་འདུ་ཤེས་དང་ཐབས་ཤེས། རྣམ་པ་བཅས་གསར་གཏོད་བྱས་ཏེ། གཞི་གྲངས་ལག་རྩལ་ཀྱིས་སློབ་གསོར་གསོན་ཤུགས་བསྐྱེད་དུ་བཅུག་པ་དང་མི་སྐྱེད་སྲིང་བྱེད་པར་ཞབས་འདེགས་སྔར་ལས་བཟང་བོ་ཞུ་རུ་བཅུག་ཡོད།
སུན་ཁྲུན་ལན་གྱིས་ནན་གྱིས་བསྟན་དོན། གཞི་གྲངས་དུས་རབས་ཀྱི་འཕེལ་ཕྱོགས་ལ་བསྟུན་ནས་སློབ་གསོ་སྒྱུར་བཅོས་དང་གསར་གཏོད་བྱེད་པ་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོ་ཐུན་མོང་གི་དཔྱད་གཞི་ཆེན་པོ་ཞིག་ཡིན། ཀྲུང་གོས་གཞི་གྲངས་སློབ་གསོའི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། སློབ་གསོའི་སྲིད་ཇུས་དང་གཞི་གྲངས་སློབ་གསོའི་ཚད་གཞིའི་སྦྲེལ་མཐུད་ལ་ཤུགས་སྣོན་པ། སྤུས་ཚད་མཐོ་བའི་གཞི་གྲངས་སློབ་གསོའི་ཞབས་ཞུ་དང་ཐོན་རྫས་སྔར་ལས་མང་པོ་འདོན་པ། གཞི་གྲངས་སློབ་གསོའི་བཅོས་སྐྱོང་དང་སྤྱི་ཐུན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བྱེད་པ། སྒོ་འབྱེད་མཉམ་སྤྱོད་དང་འདྲ་མཉམ་གཉིས་ཕན། བདེ་ཐང་བདེ་འཇགས་བཅས་ཀྱི་འཛམ་གླིང་ཡོངས་ཀྱི་གཞི་གྲངས་སློབ་གསོའི་སྐྱེ་ཁམས་ཤིག་ཆགས་པར་སྐུལ་འདེད་བཏང་སྟེ། གཞི་གྲངས་སློབ་གསོའི་གྲུབ་འབྲས་ཀྱིས་རྒྱལ་ཁབ་སོ་སོའི་མི་དམངས་ལ་ཕན་སྔར་ལས་མང་པོ་འདོགས་སུ་བཅུག་ནས། མིའི་རིགས་ཀྱི་ཤེས་རིག་གོང་འཕེལ་དུ་གཏོང་བ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད་ཟེར།
ཚོགས་ཆེན་གྱིས་གཞི་གྲངས་སྒྱུར་བཅོས་དང་སློབ་གསོའི་མ་འོངས་པ་ཞེས་པ་བརྗོད་གཞིར་བཟུང་ཡོད་ལ། རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་སུམ་ཅུ་ལྷག་གི་འཐུས་ཚབ་ཚོགས་འདུར་ཞུགས་ཡོད།
ཕྱུག་ལོས་བསྒྱུར།