《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉིས་སྟོང་ཉེར་གསུམ་ལོའི་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བྱ་བ་གཙོ་བོ་བཟང་བོར་སྒྲུབ་པའི་སྐོར་གྱི་བསམ་འཆར》འགྲེམས་སྤེལ་བྱས།
2023.02.14 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 40

ཉེ་སྔོན། 《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉིས་སྟོང་ཉེར་གསུམ་ལོའི་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བྱ་བ་གཙོ་བོ་བཟང་བོར་སྒྲུབ་པའི་སྐོར་གྱི་བསམ་འཆར》དངོས་སུ་འགྲེམས་སྤེལ་བྱས།

《བསམ་འཆར》ལས་བསྟན་དོན། ཉིས་སྟོང་ཉེར་གསུམ་ལོ་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཞིང་གསུམ་བྱ་བ་བཟང་བོར་བསྒྲུབ་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་ཐད་ཀྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་པ་དང་། ཏང་གིས་ཞིང་གསུམ་བྱ་བར་ཕྱོགས་ཡོངས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱས་ཏེ། ཞིང་ལས་དང་ཞིང་སྡེ་དམིགས་བསལ་དུའཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། ཚན་རྩལ་གསར་གཏོད་དང་ལམ་ལུགས་གསར་གཏོད་བྱེད་ཚད་ཇེ་དྲག་ཏུ་གཏོང་བ་དང་། འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་བྱེད་པ་དང་གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་འགྱུར་བར་བཀག་འགོག་བྱེད་པ་སོགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བརྟན་སྲུང་བྱེད་པ། གྲོང་གསེབ་གོང་སྤེལ་དང་གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་སོགས་ཀྱི་བྱ་བ་གཙོ་བོ་ཏན་ཏིག་གིས་སྤེལ་བ། ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། སྡོད་བདེ་ལས་འཚམ་དང་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགོ་བཟང་བོ་རྩོམ་པར་རྨང་གཞི་བརྟན་པོ་འདིང་དགོས།

《བསམ་འཆར》ལས་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོའི་ཐོན་བརྟན་མཁོ་སྲུང་མྱུར་དུ་དམ་འཛིན་བྱས་ཏེ། འབྲུ་རིགས་ཐོན་སྐྱེད་སྟོབས་ཤུགས་ཡོད་རྒུས་དམ་འཛིན་བཟང་བོ་བྱེད་པ་དང་། སྲན་ཆེན་དང་སྣུམ་རྒྱུ་འདེབས་རྒྱ་རྒྱ་བསྐྱེད་པ། དེང་རབས་སྒྲིག་ཆས་ཞིང་ལས་གོང་དུ་སྤེལ་བ་དང་། སྣེ་མང་ཅན་གྱི་ཟས་རིགས་མཁོ་འདོན་མ་ལག་བཙུགས་ནས། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོའི་བཀོད་གཏོང་གཅིག་འདོམས་ཀྱིས་བཟང་བོར་བསྒྲུབ་དགོས་པའི་བླང་བྱ་བཏོན།

《བསམ་འཆར》ལས་ཞིང་ལས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ན། རྨོ་ཞིང་གི་སྲུང་སྐྱོབ་དང་བཀོལ་ཡུལ་ཚོད་འཛིན་ལ་ཤུགས་སྣོན་པ་དང་། ཚད་གཞི་མཐོ་བའི་ཞིང་སའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཆུ་བེད་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཞིང་ལས་ཀྱི་གནོད་འགོག་གནོད་སེལ་ནུས་པ་ཇེ་དྲག་ཏུ་གཏོང་དགོས་ཞེས་ནན་གྱིས་བསྟན།

《བསམ་འཆར》ལས་ཞིང་ལས་ཚན་རྩལ་དང་སྒྲིག་ཆས་ཀྱི་རྒྱབ་རྟེན་ཇེ་དྲག་ཏུ་གཏོང་དགོས་ན། ཞིང་ལས་ཀྱི་གནད་འགག་སྲོག་ཤིང་ལག་རྩལ་གྱི་བརྒལ་གཏོར་ལ་སྐུལ་འདེད་གཏོང་བ་དང་། རྨོ་འདེབས་ལས་རིགས་དར་སྤེལ་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ། སྔོན་ཐོན་ཞིང་ལས་འཕྲུལ་ཆས་མྱུར་དུ་གསར་བཟོ་བྱེད་པ་བཅས་བྱས་ཏེ། ཞིང་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

《བསམ་འཆར》ལས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་རྒྱ་སྐྱེད་དུ་གཏོང་དགོས་ན། གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་འགྱུར་བའི་སྣང་ཚུལ་མི་འབྱུང་བར་བྱེད་པའི་མཐའ་ཚད་མཐའ་གཅིག་ཏུ་བརྟན་སྲུང་བྱེད་པ་དང་། དབུལ་ཐར་ས་ཁུལ་དང་དབུལ་ཐར་མང་ཚོགས་ཀྱི་ནང་གནས་འཕེལ་རྒྱས་སྒུལ་ཤུགས་ཇེ་དྲག་ཏུ་བཏང་ནས། རོགས་སྐྱོར་སྲིད་ཇུས་བརྟན་འཇགས་དང་འཐུས་ཚང་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།

《བསམ་འཆར》ལས་གྲོང་གསེབ་ཐོན་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་དགོས་ན། ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་འཁོར་རྒྱུག་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་དང་། དེང་རབས་ཀྱི་གྲོང་གསེབ་ཞབས་ཞུའི་ལས་རིགས་མྱུར་དུ་གོང་དུ་སྤེལ་བ། གྲོང་གསེབ་ཀྱི་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་བསྐྱེད་པ་བཅས་བྱས་ཏེ། རྫོང་ཁོངས་དམངས་ཕྱུག་ཐོན་ལས་སྐྱེད་སྲིང་དང་གོང་སྤེལ་བྱེད་དགོས་པའི་བླང་བྱ་བཏོན།

《བསམ་འཆར》ལས་ཞིང་པའི་ཡོང་འབབ་འཕར་བ་དང་ཕྱུག་པོར་འགྱུར་བའི་ཐབས་ལམ་རྒྱ་བསྐྱེད་དགོས་ན། ཞིང་པའི་ལས་ཞུགས་དང་ཡོང་འབབ་འཕར་བར་ཡར་སྐུལ་བྱེད་པ་དང་། ཞིང་ལས་གཉེར་སྐྱོང་གི་ཕན་འབྲས་མཐོ་རུ་འདེགས་པར་ཡར་སྐུལ་བྱས་ཏེ། ཞིང་པར་རྒྱུ་ནོར་གྱི་ཁེ་དབང་སྔར་ལས་ཕུན་སུམ་ཚོགས་པ་སྟེར་དགོས་ཞེས་ནན་གྱིས་བསྟན།

《བསམ་འཆར》ལས་སྡོད་བདེ་ལས་འཚམ་དང་མཛེས་སྡུག་གི་གྲོང་གསེབས་འཛུགས་སྐྲུན་བྱེད་པར་ཏན་ཏིག་གིས་སྐུལ་འདེད་གཏོང་དགོས་ན། གྲོང་སྡེའི་འཆར་འགོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་མཐོར་འདེགས་བྱེད་པར་ཏན་ཏིག་གིས་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་བསྟུད་མར་ཤུགས་སྣོན་པ་བཅས་བྱས་ཏེ། གཞི་རྩའི་སྤྱི་ཐུན་ཞབས་ཞུའི་ནུས་པ་ཇེ་ཆེར་གཏོང་དགོས་པའི་བླང་བྱ་བཏོན།

《བསམ་འཆར》ལས་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་པའི་གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་འཛུགས་དགོས་ན། ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་བྱེད་ནུས་ཇེ་དྲག་ཏུ་གཏོང་བ་དང་། གྲོང་གསེབ་བཅོས་སྐྱོང་གི་ཕན་ནུས་མཐོར་འདེགས་བྱས་ཏེ། ཞིང་སྡེའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ཞེས་ནན་གྱིས་བསྟན།

《བསམ་འཆར》ལས་སྲིད་ཇུས་ཀྱི་འགན་སྲུང་དང་སྒྲིག་སྲོལ་རྐྱེན་སྲོལ་གྱི་གསར་གཏོད་ལ་ཤུགས་སྣོན་དགོས་ན། གྲོང་གསེབ་དར་སྤེལ་གྱི་སྣེ་མང་ཟབ་ཞུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རྫོང་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།


ཕྱུག་ལོས་བསྒྱུར།