ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་སློབ་སྦྱོང་སློབ་གསོའི་འཆར་འགོད་འགྲེམ་སྤེལ་བྱས།
2023.02.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། ཉེ་ལམ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ཀྱི་སློབ་སྦྱོང་སློབ་གསོའི་འཆར་འགོད་འགྲེམ་སྤེལ་བྱས། འཆར་འགོད་ལས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཞི་ཅིན་ཕིང་གི་སྟོབས་ལྡན་དམག་དཔུང་དགོངས་པ་ལག་བསྟར་ནན་མོ་བྱས་ཏེ། དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་བའི་སྤྱིའི་རེ་བ་དང་གཞི་རྩའི་ནང་དོན། ལས་འགན་གཙོ་བོ། རྩ་འཛུགས་འགན་སྲུང་བཅས་གཏན་འཁེལ་གསལ་བོ་བྱས་པ་ནི་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ཀྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན།

འཆར་འགོད་ལས་བསྟན་དོན། དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་སྐབས། ཆབ་སྲིད་ལ་བློ་དཀར་བ་གཞི་རྩ་བྱེད་པ་དང་ཆབ་སྲིད་ནུས་པ་མཐོར་འདེགས་སུ་གཏོང་བ་གནད་འགག་ཏུ་འཛིན་པ། ཁག་ཁུར་ནུས་པ་ཇེ་ཆེར་གཏོང་བ་ལག་ལེན་གྱི་རྐང་འཛུགས་ས་བྱས་ཏེ། ཚན་རིག་གི་རིགས་གཞུང་ལ་སློབ་སྦྱོང་བྱེད་པ་དང་ལག་ལེན་གྱི་གྲུབ་འབྲས་ལ་ཚོར་ཤེས་བྱེད་པ། སྲོལ་རྒྱུན་བཟང་བོ་དར་སྤེལ་བྱེད་པ། ལམ་ལུགས་དང་སྒྲིག་སྲོལ་གསལ་བོར་རྟོགས་པར་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། དམག་ཡོངས་ཀྱི་དཔོན་དམག་གིས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་ལ་གོ་བ་ཟབ་མོ་ལེན་པར་ཁྲིད་སྟོན་བྱེད་པ། དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ཀྱི་དོན་སྙིང་གལ་ཆེན་དང་ནང་དོན་གཙོ་བོ། ལག་ལེན་རེ་བ་བཅས་ཁོང་དུ་ཆུད་པར་བྱེད་པ། མཐའ་གཅིག་ཏུ་བློ་དཀར་ཞིང་མཐའ་གཅིག་ཏུ་སྤྱོད་གཙང་ཡིན་པ་དང་མཐའ་གཅིག་ཏུ་ཡིད་རྟོན་རུང་བ་ཞིག་བྱེད་དགོས་པར་མ་ཟད། འགུལ་སྐྱོད་ཡོད་ཚད་ཐད་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀོད་འདོམས་ལ་ཉན་དགོས།

བཀྲ་ཤིས་འབུམ་གྱིས་བསྒྱུར།